བོད་མི་རྣམས་ཡིད་ཐང་ཆད་པའི་རྒྱུ་རུ་མི་འགྲོ་བ་བྱེད་དགོས་སྐོར་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས། བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་དྲིན་ལ་དྲིན་ལན་ལོག་འཇལ་གྱི་རྒྱུ་རུ་མི་འགྲོ་བ་དང་། གྲོས་ཚོགས་ནང་གི་མི་སྣ་ཚོས་གླེང་སློང་བྱེད་སྐབས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཡིད་ཆེས་འཕེར་བའི་ཚབ་ལ་ཡིད་ཐང་ཆད་པའི་རྒྱུ་རུ་མི་འགྲོ་བ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

ཟླ་༣ པའི་ཚེས་༡༤ ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༥ པ་འགོ་འཛུགས་བྱས་ཡོད་པ་དང་། ཚོགས་དུས་འདི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༡༨ ནས་༢༠༡༩ བར་གྱི་སྔོན་རྩིས་གཏན་འབེབས་ཀྱི་གྲོས་ཚོགས་ཡིན་པ་རེད། ལས་ཉིན་དང་པོར་སྤྱི་འཐུས་གཉིས་དགོངས་པ་ཞུས་ཡོད་པ་ལས། ལས་ཉིན་ལྷག་མའི་རིང་སྤྱི་འཐུས་ཚང་མ་མཉམ་ཞུགས་བྱེད་ཐུབ་རྒྱུ་ཡིན་པ་རེད་འདུག

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གྲོས་ཚོགས་ཚོགས་དུས་༥ པའི་རིང་ལས་རིམ་ཁག་གི་ངོ་སྤྲོད་གནང་རྗེས། བོད་མི་རྣམས་སྲིད་དོན་གྱི་སྐྱབས་བཅོལ་བ་ཆགས་ནས་བཟུང་། སྒྲུབ་དགོས་པའི་ཆབ་སྲིད་ཀྱི་ལས་དོན་མང་པོ་ཞིག་ཡོད་པ་ལས་གལ་ཆེ་ཤོས་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དེ་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་མངོན་གསལ་ཡིན་ཡང་། འགྱུར་བ་ཁ་ཕྱོགས་དེ་གང་འདྲ་ཞིག་ཆགས་མིན་ཚོད་དཔག་བྱེད་དཀའ་བ་ཡིན་པ། དེ་བཞིན་རྒྱལ་སྤྱིའི་ནང་བོད་དོན་ལ་ནུས་པ་མཉམ་སྤུངས་ཀྱི་རྒྱབ་སྐྱོར་བྱེད་པའི་གནས་ཚད་མཐོན་པོ་སླེབས་ཡོད་སྐོར་གསུངས་ནས། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་དང་འབྲེལ་བའི་ཡིག་ངག་གཉིས་ཐོག་ནས་གོ་བརྡ་གསལ་པོ་སྤྲད་ཡོད་ཀྱང་། ད་བར་ཡ་ལན་བྱས་མེད་པ། དེང་གི་ཆར་རྒྱ་ནག་དེ་རྒྱལ་སྤྱིའི་ནང་དཔལ་འབྱོར་སོགས་ཀྱི་ཐོག་ལ་གནས་ཚད་མཐོན་པོ་སླེབས་ཡོད་ཀྱང་། བོད་ཚུད་པའི་གྲངས་ཉུང་མི་རིགས་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་མེད་པའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་ཡོད་པར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཡོང་བཞིན་པ། བོད་མི་རྣམས་ཀྱིས་ད་བར་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ཞི་རྒོལ་རབ་དང་རིམ་པ་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་དང་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་བབ་ཐོག་ལ་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་མྱུར་དུ་གྲོས་མོལ་བསྐྱར་མཐུད་བྱེད་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ནས་བོད་མི་རྣམས་བཙན་བྱོལ་དུ་སླེབས་ནས་ལོ་ངོ་༦༠ ཟིན་འགྲོ་ཡི་ཡོད་པ་དང་། དུས་སྐབས་དེའི་རིང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ཡོད་ཁར། ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་ཡོད་པས། ཁོང་གི་བཀའ་སློབ་དང་དགོངས་གཞི་སེམས་ལ་བཞག་ནས། ཁོང་གི་བཀའ་དྲིན་དེ་དྲིན་ལན་ལོག་འཇལ་གྱི་རྒྱུ་རུ་མི་འགྲོ་བ་དང་ལོ་རྒྱུས་ནང་ནག་ཐིག་མི་ཕོག་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། གྲོས་ཚོགས་ནང་ལས་རིམ་མང་པོ་ཞིག་གི་ཐོག་བསམ་ཚུལ་མི་མཐུན་པ་ཡོང་སྲིད་ཀྱང་། གནད་དོན་ཐོག་གླེང་སློང་བྱེད་དགོས་པ་ལས་ཕན་ཚུན་ཟུར་ཟ་དང་སྡིགས་ར། མཐོང་ཆུང་སོགས་བྱེད་མི་ཉན་པ་དང་། གྲོས་ཚོགས་དེར་དོ་སྣང་བྱེད་མཁན་བོད་གཞིས་བྱེས་གཉིས་ཙམ་མ་ཟད། རྒྱལ་སྤྱིའི་ནང་དང་རྒྱ་ནག་གཞུང་གིས་ཀྱང་དོ་སྣང་བྱེད་ཀྱི་ཡོད་པས། གླེང་སློང་རྣམས་བོད་ཀྱི་འཐབ་རྩོད་ལ་ཕན་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཡིད་ཆེས་འཕེར་རྒྱུའི་ཚབ་ལ་ཡིད་ཐང་ཆད་པའི་རྒྱུ་རུ་མི་འགྲོ་བ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

གྲོས་ཚོགས་ཀྱི་ལས་རིམ་ནང་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་བགྲོ་གླེང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༧ ནས་༢༠༡༨ བར་གྱི་སྔོན་རྩིས་གཏན་འབེབས་སོགས་ཀྱི་ལས་རིམ་ཡོད་པ་དང་། འཚོགས་ཡུན་ཚེས་༡༤ ནས་༢༤ བར་ཡིན་པ་རེད།

གྲོས་ཚོགས་ནང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་གྲོས་ཆོད་བདུན་བཞག་འདུག་པ་རྣམས་ནི།

༡། ད་བར་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་ཡི་རངས་དང་། སྐུ་གཤེགས་དམ་པ་ཁོང་རྣམས་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་གཟུང་ནས་ཁ་བ་གངས་ཅན་ཞིང་དུ་སྐྱེ་བ་དང་། ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་ཞུ་རྒྱུ།

༢། ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས། ཉེ་སྔོན་ཕྱི་ལོ་༢༠༡༨ ཟླ་༣ ཚེས་༧ ཉིན་ཨ་མདོ་རྡ་བ་རྨེའུ་རུ་མ་རུ་ཆེན་བཞི་པའི་གནམ་མཚོ་སྡེ་པ་ནས་ཡིན་པ་ཚེ་ཁོ་ལགས་ཀྱིས་རང་ལུགས་མེར་བསྲེགས་གནང་བ་བཅས་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་ཁྱོན་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་གྲངས་༡༥༢ ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད། ཁོང་རྣམ་པའི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་ལ་རྒྱ་གཞུང་ནས་འགན་ཁུར་བདག་སྤྲོད་དགོས་པའི་དྲན་སྐུལ་ཞུ་རྒྱུ།

༣། སྤྱི་ནོར་༧གོངས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དགོངས་དོན་བོད་རིགས་ཡོངས་ལ་མིང་དོན་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་གནང་བཞིན་པ་ལྟར། རྒྱ་གཞུང་གི་འགོ་ཁྲིད་རྣམས་ནས་གཉིས་ཕན་མཉམ་གནས་གུ་ཡངས་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས། བོད་རྒྱའི་འབྲེལ་མོལ་མྱུར་དུ་འགོ་འཛུགས་གནང་དགོས་རྒྱུ།

༤། རྒྱ་གཞུང་གིས་མི་སེར་སྤེལ་བའི་སྲིད་ཇུས་བཟུང་ནས་བོད་ནང་མི་འབོར་སྤོ་ཤུགས་རྒྱ་བསྐྱེད་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ། ཆོས་དད་རང་དབང་ལ་ཚད་བཀག རང་བྱུང་ཁོར་ཡུག་གཏོར་སྐྱོན། སྐད་ཡིག་སྦྱོང་སྤྱོད་ལ་ཉམ་དམས། བོད་མིའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་བཀག་སྡོམ་བྱེད་པ་སོགས་བོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཀྱི་སྲིད་ཇུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་རྒྱུ།

༥། ཕྱི་ལོ་༢༠༠༠ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་ཁོངས་སུ་བཞག་པ་ནས་ལྷ་ལྡན་གཙུག་ལག་ཁང་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྒྱབ་གནོན་ཡོད་པ་ཞིག་ཡིན་པས། ཐེངས་འདིའི་གཙུག་ལག་ཁང་གི་མེ་སྐྱོན་གོད་ཆག་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་རིག་དངོས་སྲུང་སྐྱོབ་ཐད་འབྲེལ་ཆགས་གཞུང་སྒེར་ཚོགས་སྡེ་རྣམས་ནས་གཙུག་ལག་ཁང་དུ་བཞུགས་པའི་རིག་དངོས་རྩ་ཆེན་གྲངས་༦༥༠༠ ལྷག་གི་གནས་སྟངས་གཙོར་བཟུང་གིས་ཞིབ་འཇུག་མཐིལ་ཕྱིན་གནང་རྒྱུར་ནན་སྐུལ་ཞུ་རྒྱུ།

༦། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། རྒྱལ་སྤྱིའི་འགྲོ་བ་མིིའི་ཐོབ་ཐང་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཙོས་གཞུང་དང་། གྲོས་ཚོགས། རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པ། ཕྱོགས་ལྷུང་བྲལ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་བཅས་ནས་རང་དབང་ཅན་གྱི་རྒྱལ་སྤྱིིའི་རྟོག་ཞིབ་ཚོགས་ཆུང་བོད་ནང་ཆེད་གཏོང་གནང་ནས། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་དང་། རྒྱ་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་མྱུར་དུ་གློད་གྲོལ་ཡོང་ཐབས། བཙོན་གྲོལ་ཟིན་པ་དག་གི་སྐུ་གཟུགས་འཕྲོད་བསྟེན་ལ་རྒྱ་གཞུང་ནས་འགན་ལེན་དགོས་པ་དང་། བོད་མི་རྣམས་ལ་འགྲོ་བ་མི་སྤྱི་མཚུངས་ཀྱི་རང་དབང་དང་ཐོབ་ཐང་ཡོང་བར་ཤུགས་སྣོན་ཡོང་བའི་བོད་སྐུལ་ཞུ་རྒྱུ།

༧། བོད་མི་སྐྱབས་བཅོལ་གནས་ཡུལ་འཛམ་གླིང་རྒྱལ་ཁབ་སྤྱི་དང་། ཁྱད་པར་དུ་རྒྱ་གར་དབུས་སའི་གཞུང་དང་མི་མང་རྣམས་ནས། ད་བར་ལོ་ངོ་དེ་དག་གི་རིང་བཙན་བྱོལ་བོད་མིར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རྒྱབ་སྐྱོར་བླ་མེད་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ།།

གསར་འགོད་པ་སྐལ་བཟང་དོན་གྲུབ།