བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ས་ཡ་ཉིས་སྟོང་དྲུག་བརྒྱ་ལྔ་བཅུ་ང་གཉིས་ལྷག་གཏན་འབེབས།
ཟླ་འདིིའི་ཚེས་༢༤ ཉིན་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དེ་མཇུག་བསྒྲིལ་ཡོད་པ་དང་། ཕྱི་ཟླ་༣ པའི་གྲོས་ཚོགས་ནང་གཙོ་བོ་༢༠༡༨།༢༠༡༩ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏན་འབེབས་བྱས་ཡོད་པ་རེད།
མཇུག་བསྡོམས་མཛད་སྒོའི་ཐོག་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་རྩིས་ལོ་༢༠༡༨།༢༠༡༩ ལོའི་སྔོན་རྩིས་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་བཅས་ཁྱོན་བསྡོམས་ས་ཡ་ཉིས་སྟོང་དྲུག་བརྒྱ་ལྔ་བཅུ་ང་གཉིས་ལྷག་གྲོས་ཚོགས་འདིའི་ནང་བགྲོ་གླེང་དང་། དེའི་ནང་ནས་ལས་ཁུངས་ཁག་གསུམ་ཙམ་གྱི་མཐའ་མའི་དངུལ་འབོར་བསྡོམས་ལ་འགྱུར་བ་ཕྱིན་པ་རེད་མ་གཏོགས་ཐོག་མའི་བཀའ་ཤག་གི་འཆར་འབུལ་གང་གནང་བ་དེའི་ཐོག་ནས་བཀའ་ཁྲོལ་གཏན་འབེབས་གནང་ཐུབ་ཡོད་སྐོར་དང། རྩ་བའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས། བགྲོ་གླེང་གི་གནས་ཚུལ་ཚད་མཐོ་རུ་སོང་ཡོད་ནང་ནའང་། ཐེངས་འདིར་སྒེར་སོ་སོ་དཀར་འདོན་ཆེད་བཅའ་ཁྲིམས་ལུང་འདྲེན་དང་། ཚོགས་སྡེ་དང་སྒེར་སོ་སོའི་ཡིག་ཆ་སྙན་སྒྲོན། སྤྱི་འཐུས་སྒེར་སོ་སོའི་བར་ཚིག་མཚོན་བཤད་རེས་བྱེད་པ་སོགས་མང་པོ་བྱུང་བས། མ་འོངས་པར་དེའི་རིགས་མི་ཡོང་བར་ཐབས་ཤེས་དགོས་སྐོར་དང་། ལས་རི་རྣམ་བཞག་ཚད་ལྡན་ཡོང་ཐབས་དགོས་སྐོར་གསུངས་སོང་།
ཚོགས་གཙོས། “བོད་མིའི་སྒྲིག་འཛུགས་ལ་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བའི་གནད་དོན། གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་བདེ་སྡུག ཁོར་ཡུག་སྲུང་སྐྱོབ། བོད་ནང་མི་མང་གི་དཀའ་ངལ་སེལ་ཐབས་བཅས་ཡིན་པས། ཚང་མས་དེའི་ཐོག་འགན་ཁུར་དགོས་རེད་ལ། ཉེ་ཆར་སྲིད་སྐྱོང་གིས་ཉེ་བའི་ལོ་གཉིས་གསུམ་ནང་འགྱུར་བ་འགྲོ་རྒྱུའི་ཁོར་ཡུག་ཅིག་ཡོད་སྐོར་གསུངས་ཡོད་པས། དེ་ལ་ཁེ་དང་ཉེན་ཁ་གཉིས་ཀ་ཡོད་སྐོར་གསུངས་དུས། འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་འཐུས་མི་གཉིས་ཀས་བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་ཐབས་དང་དམིགས་ཚད་ཟིན་ཐུབ་པ་དགོས་ཀྱི་འདུག་ལ། རྒྱ་ཆེའི་མང་ཚོགས་ཀྱིས་དེ་ལ་ཐུགས་སྣང་དང་གཞོག་འདེགས་དགོས་ཀྱི་འདུག་” ཅེས་དང་། བོད་མིའི་སྒྲིག་འཛུགས་ལ་ནུས་པ་དང་ཆེ་མཐོང་ཞིག་ཡོད་པ་༧གོང་ས་མཆོག་གི་མཛད་འཕྲིན་དང་ལོ་རྒྱུས་ཀྱི་བྱུང་བ་ལས་བྱུང་བ་ཡིན་པས། ཚང་མས་ཧུར་ཐོག་དགོས་སྐོར་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
