བོད་ཀྱི་སྒྱུ་རྩལ་དང་ཆབ་སྲིད་གནས་བབས་ཀྱི་འབྲེལ་བ།
ཉིན་དེར་བོད་ནང་གི་གཞས་པ་དང་རྩོམ་པ་པོ་སོགས་ཀྱིས་བོད་ཀྱི་དཀའ་ངལ་སྒྱུ་རྩལ་རྩོམ་རིགས་ཀྱི་ལམ་ནས་གསལ་འདོན་བྱས་པ་ལ་བརྟེན་ནས། རྒྱ་ནག་གཞུང་གིས་རྩོམ་པ་པོ་དང། གཞས་པ་སོགས་འཛིན་བཟུང་བཀག་ཉར་བྱས་པ་ཁག་ཅིག་ངོ་སྤྲོད་དང་འབྲེལ་ནས། གཞས་དང་རྩོམ་ཡིག་བསྐྱར་དྲན་གྱི་ཆེད་དུ། གཞས་པ་ཀུན་དགའ་དང། དོན་གྲུབ་བཀྲ་ཤིས། ལྷ་སྐྱིད། དྷི་བྷེ་སོགས་ཀྱི་གཞས་ཁག་ཅིག་བརྙན་ཕྲིན་གྱི་ལམ་ནས་མི་མང་བསྟན་པ་མ་ཟད། བཙན་བྱོལ་ནང་གི་གཞས་པ་སོག་ཤོད་དར་རྒྱས་དང། བསྟན་མགྲིན་ཚེ་བརྟན་གཉིས་ཀྱིས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་བོད་ནང་གི་གཞས་ཁག་ཅིག་བཏང་ཡོད་པ་རེད།
དེ་བཞིན་རང་དབང་གི་ཉམས་ཞིབ་པ་ཀླུ་མཁར་བྱམས་དང། རྩོམ་པ་པོ་ཕུན་ཚོགས་དབང་ཕྱུག རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་བཅས་ཀྱིས་སྒྱུ་རྩལ་རྩོམ་རིགས་དང། སྒྱུ་རྩལ་པ་མགོ་ལོག་དྷ་བྷེས་བོད་ཀྱི་ཁ་ཤག་སྒྱུ་སྩལ་གྱི་སྐོར་དང། དེང་རབས་རི་མོ་བ་བསོད་ནམས་ལྷུན་གྲུབ་ལགས་ཀྱིས་བོད་ཀྱི་སྒྱུ་རྩལ་རི་མོའི་སྐོར་ལ་གཏམ་བཤད་ཐུང་ངུ་རེ་བྱས་ཡོད་པ་རེད།
ཀླུ་མཁར་བྱམས་ལགས་ཀྱིས་གསུང་དོན། སྒྱུ་རྩལ་བསྐྱར་དར་གྱི་ལས་རིམ་འདིའི་འོག་ནས་ཕྱོགས་གཉིས་ལ་འབད་བརྩོན་དགོས་པ་རེད། རྒྱ་ནག་ལ་ང་ཚོའི་ཁ་གཏད་གཅོག་པ་འདི་བཙན་རྒྱལ་རིང་ལུགས་ལ་ཁ་གཏད་གཅོག་པའི་ལས་འགུལ་ཞིག་རེད། ༢༠༠༨ ལོའི་ཚུན་གྱི་ཞོགས་དུང་དང། ཞོགས་ལྗང། ཐེའུ་རང་དེ་ཚོ་ལས་འགུལ་བཙན་རྒྱལ་རིང་ལུགས་ལ་ཁ་གཏད་གཅོག་པའི་ལས་འགུལ་ཞིག་རེད། འདི་དང་སོ་སོའི་མི་རིགས་ཀྱི་བག་ཆགས་རང་བཞིན་གྱི་དཀའ་ངལ་སེལ་བ་གཉིས་ལ་ཁྱད་པར་ག་རེ་འདུག བོད་མི་རིགས་ལ་དཀའ་ངལ་གཉིས་ཀ་ཡོད་པ་རེད། རྒྱུ་མཚན་གཉིས་གཙོ་བོར་འཛིན་དགོས་པ་རེད། གཅིག་བོད་མི་རིགས་ཀྱི་བཙན་པོའི་སྙིང་སྟོབས་སླར་གསོ་བྱེད་ཆེད། སྔོན་མ་ཡུ་རོབ་ཀྱི་ཨེ་ཊ་ལེ་ཡི་སྒྱུ་རྩལ་བསྐྱར་དར་མིག་དཔེར་བཟུང་ནས་བཙན་པོའི་སྐབས་ཀྱི་མི་རིགས་ཀྱི་སྙིང་སྟོབས། རིག་གཞུང་དེ་ཚོའི་འགྲོ་སྟངས་ཐོག་བསྐྱར་སློག་བྱེད་དགོས་པ་དེ་རེད། གཉིས་པ་༡༩༥༩ ལོན་རྒྱ་ནག་གི་བཙན་འཛུལ་སླེབས་ནས། བཙན་འཛུལ་པ་ལ་ངོ་རྒོལ་བྱས་པ་དང། མི་སེར་སྤེལ་མཁན་ལ་མི་སེར་སྤེལ་ཡུལ་གྱི་མི་མང་གིས་ངོ་རྒོལ་བྱས་པའི་ལས་རིམ་འདི་གཉིས་ལ་བལྟ་དགོས་པ་གལ་ཆེན་རེད་ཅེས་གསུངས་སོང།
བསོད་ནམས་ལྷུན་འགྲུབ་ལགས་ཀྱིས། བོད་ནང་དུ་དེང་དུས་རི་མོ་འབྲི་མཁན་མང་པོ་རེད་ལ། རྣམ་གྲངས་ཀྱང་མང་པོ་རེད། ༡༩༦༠ དང་༡༩༧༠ ལོར་སྐྱེ་བའི་གཞོན་ནུ་ཚོས་དེང་རབས་རི་མོའི་ལམ་ནས་མི་རིགས་འདི་སླར་གསོ་དང། མི་རིགས་ཀྱི་ངོ་བོ་མཚོན་ཆེད་དུ་འཐབ་རྩོད་ཅིག་བྱེད་ཀྱི་ཡོད་པ་རེད། དེང་དུས་རི་མོ་དེ་སྤྱི་ཚོགས་དང་གྱེས་པ་དང། རྙིང་པ་ལ་རྒྱབ་འགལ་གྱི་འགྲོ་ཡི་ཡོད་པ་རེད་ཅེས་གསུངས་པ་དང། ཁོང་གིས་བོད་ནང་གི་དེང་རབས་རི་མོ་འབྲི་མཁན་ཚོས་རྒྱ་ནག་གི་དེང་རབས་རི་མོ་ཁས་ལེན་མ་བྱས་པར། བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པའི་དེང་རབས་རི་མོ་ཞིག་གི་སྐོར་ལ་ནུས་ཤུགས་འདོན་གྱི་ཡོད་སྐོར་གསུངས་སོང།
མགོ་ལོག་དྷ་བྷེ་ལགས་ཀྱིས། སྒྱུ་རྩལ་ཁ་ཤག་འདི་བོད་ཀྱི་སྲོལ་རྒྱུན་ཁྲོད་གར་སྟེགས་ཐོག་ནས་འཁྲབ་སྲོལ་དེ་ཙམ་མེད་ནའང། སྤྱི་ཚོགས་ནང་ཤག་གི་སྐོར་ཡོད་དང། སྨན་ལྷ་སྐྱབས་ལགས་ཀྱི་སྒྱུ་རྩལ་ཁ་ཤག་ལ་མདུན་རྒྱབ་གཉིས་སུ་གོ་བ་གཏིང་ཟབ་ལེན་གྱི་ཡོད་སྐོར་ངོ་སྤྲོད་བྱས་པ་དང། ཁོང་གིས་སྒྱུ་རྩལ་ཁ་ཤག་ཟེར་བ་འདི་རང་བཙན་རྒྱལ་ཁབ་ཚོར་ཡོད་པ་རེད་ལ། གལ་ཆེན་པོ་ཡང་དེ་ཙམ་མ་རེད། རྩེད་མོ་རྩེ་བཤད་དང་དགོད་བྲོ་སློང་བྱེད་ལྟ་བུ་རེད། བོད་མི་རིགས་ལ་མཚོན་ན་རང་དབང་གི་དྲིལ་བསྒྲགས་བྱེད་རྒྱུའི་ལམ་ཁ་གང་མེད་པས། སྒྱུ་རྩལ་ཁ་ཤག་དང་རྩོམ་རིགས་ཀྱི་སྐོར་མི་རིགས་འཐབ་རྩོད་ཆེད་གལ་ཆེ་སྐོར་གསུངས་ཡོད་པ་རེད།
ཕུན་ཚོགས་དབང་ཕྱུག་ལགས་ཀྱིས། བོད་ནང་རྩོམ་པ་པོ་ཞོག་དུང་དང། ཞོགས་ལྗང་སོགས་ཀྱི་སྒྱ་རྩལ་རྩོམ་རིགས་ཧ་ཅང་ཚད་མཐོན་པོ་ཡིན་པ་དང། རྩོམ་རིགས་དེ་ཚོའི་ནང་གནད་འགག་ཆེ་བའི་ཚིག་དོན་ཁ་ཤས་ཟུར་དུ་ངོ་སྤྲོད་གནང་བ་དང། དེ་བཞིན་ད་ཐེངས་ན་གཞོན་གྱི་སྒྱུ་རྩལ་རྩོམ་རིགས་དང། ཁོང་ཚོའི་དཀའ་ངལ་གྱི་སྐོར་གླེང་སློང་བྱས་པ་རེད་ལ། དེ་བཞིན་མི་རབས་རྒན་པ་མཁས་དབང་དང་བོད་ལ་བཀའ་དྲིན་ཆེན་པོ་ཡིན་མཁན་ཚོའི་བྱས་རྗེས་དང་དཀའ་ངལ་རྗེས་དྲན་གྱི་ཚུལ་དུ་གླེང་དགོས་པ་ཡང་གལ་ཆེན་ཡིན་སྐོར་ངོ་སྤྲོད་གནང་སོང།
བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། བོད་ཀྱི་རི་མོ་དང། གཞས། གཏམ་བརྗོད་སོགས་ལ་སྔོན་མ་སྲོལ་རྒྱུན་གྱི་ཤུགས་རྐྱེན་དེ་ད་ལྟའང་ཡོད་པ་རེད། དེང་དུས་ཀྱི་སྙན་ངག་རྩོམ་རིགས་ཀྱིིས་ལམ་གསར་པ་ཞིག་འདོན་ཐུབ་ཀྱི་ཡོད་སྐོར། རྒྱ་ཡིག་ནང་སྙན་ངག་འབྲི་མཁན་དང་དབྱིན་ཡིག་ནང་སྙན་ངག་འབྲི་མཁན་ཚོའི་སྐད་ཡིག་གཞན་པ་ཡིན་ན། བོད་ཀྱི་བྲོ་བ་ཡོད་པ་དང། དེང་སྐབས་ཀྱི་ཆབ་སྲིད་ཀྱི་གནས་བབས་མཚོན་ཐུབ་ཡོད་སྐོར་སོགས་དབྱིན་སྐད་ཐོག་ནས་གཏམ་བཤད་བྱས་ཡོད་པ་རེད།
དེ་རྗེས་བོད་རང་དབང་སློབ་ཕྲུག་ཚོགས་པའི་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་མཇུག་བསྡོམས་གཏམ་བཤད་གནང་བ་དང། ༢༠༡༠ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་ཀྱིས་གཏམ་བཤད་གནང་མཁན་དང། གཞས་གཏོང་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་ཁ་བཏགས་གཡོགས་ཡོད་པ་རེད།།