ཉག་རོང་བུ་ལོ་ཞྭ་རའི་སྐྱེ་བ་སྔོན་མ་དང་འབྲེལ་བའི་ལོ་རྒྱུས་ངག་རྒྱུན་ལྟར་ཅུང་ཙམ་བྲིས་པ།

ཆོས་ཀྱི་ཕྱོགས་ནས་ཞུས་ན་ཡང་གང་ལེགས་བསྒྲུབས་ཡོད་པ་འདྲ། དེ་ཡི་ནང་ནས་གལ་ཆེ་ཤོས་ཤིག་ནི་སྡེ་བ་ཨ་མས་ཉིན་ཞིག་ལ་ལི་ཐང་དགོན་གྱི་ལི་ཐང་སྐྱབས་མགོན་ལ་ངས་དགོན་པའི་ནང་གི་ཇོ་བོ་ལ་རིགས་ལྔ་སྒྲོན་དགོས་ཞེས་བཀའ་གཏང་ཡོད་པ་རེད་ཟེར། ཡིན་ནའང་ལི་ཐང་སྐྱབས་མགོན་ནི་སྐྱེ་ཆེན་དམ་པ་རྟོག་པ་ཡོན་ཏན་ལྡན་པའི་བླ་མ་ཞིག་ཡིན་པའི་སྔར་ས་ནས་སྡེ་བ་ཨ་མ་དེ་ཡི་སྐྱེ་བ་ཡག་མོ་ཞིག་མིན་པ་མཁྱེན་ཟིན། སོང་ཙང་བླ་མས་ཇོ་བོ་ལ་རིགས་ལྔ་སྒྲོན་པ་ལས་དགོན་པའི་ཆོས་ར་ནང་དུ་སངས་རྒྱས་སྟོང་སྐུ་ཞིག་བཞེངས་ན་བཟང་བ་སོགས་ཀྱིས་བཀའ་སློབ་མང་ཙམ་གནངས་འདུག། སྡེ་བ་ཨ་མའི་ཡང་བླ་མའི་བཀའ་ལ་ཉན་ནས་ཆོས་རྭའི་ནང་དུ་སངས་རྒྱས་ཀྱི་སྟོང་སྐུ་བཞེངས་པ་རེད་ཟེར། བླ་མའི་དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་གལ་སྲིད་སྡེ་བ་ཨ་མས་ཇོ་བོའི་སྐུ་ལ་རིགས་ལྔ་སྒྲོན་ན་མ་འོངས་པར་བླ་མ་སུས་ཀྱང་མི་ཐུབ་མཁན་གྱི་འདྲེ་ཞིག་ཆགས་སྲིད་པ་དགོངས་ནས་ཡིན་པ་རེད་ཟེར།

སྡེ་བ་ཨ་མའི་མི་ཚེ་རྫོགས་ནས་ཚེ་ལས་འདས། ཡུལ་མིའི་ལུགས་སྲོལ་ལྟར་ཆུ་སྦྱིན་བྱེད་རྩིས་ཀྱི་ཕུང་པོ་གཙང་བོའི་འགྲམ་དུ་ཁྱེར་ནས་ཕུང་པོ་སྡོམ་བྱེད་ཀྱི་ཐག་པ་གྲོལ་བ་དང་ཨ་མའི་ཕུང་པོ་ཡར་ལངས་ནས་གཙང་པོའི་དཀྱིལ་དུ་སོང་དེ་རང་ལ་ཡར་འགྲེང་བ་མ་ཟད།ཁ་ཆེན་པོ་གདངས་། མིག་གཉིས་བགྲད། གདོང་ལ་དྲག་པོའི་རྣམ་འགྱུར་སྟོན་ནས་བསྡདཔ་རེད་འདུག། དེར་ཡོད་ཡུལ་མི་རྣམས་ནི་སྐྲག་ཐག་ཆོད་ནས་རྩ་ཆེན་བའི་བླ་མ་རྣམས་གདན་དྲངས་ཀྱང་སྡེ་བ་ཨ་མ་འདུལ་བའི་ལས་མེད་ཙང་མ་ཐུབ་པར་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པའི་སྐབས་སུ་མི་རྒན་བེམ་རིམ་ཆེན་པོ་ཟེར་བ་བཟའ་ཟླ་བུ་ཕྲུག་ཡོད་པར་ག་དུས་ཡིན་ཡང་གཅོད་འདྲ་བཏང་སྤྲུལ་པ་འདྲ་མིན་རེ་སྟོན་མཁན་ཞིག་ཡོད་པའི་ཁོང་དེ་རུ་འབྱོར། ཁོང་གིས་འདའ་རུ་དང་དྲིལ་བུ་ལག་ཏུ་བླངས་བ་དང་སྡེ་བ་ཨ་མའི་ཁྱི་དམར་པོ་ཞིག་ལ་སྤྲུལ་ནས་གཙང་བོའི་ཕར་རོ་ནས་བྲོས་ཕྱིན། མི་རྒན་བེམ་རིམ་ཆེན་པོས་རྒྱབ་ནས་དེད། དེ་ལྟར་ཁོང་གཉིས་གཅིག་རྗེས་གཅིག་གིས་དེད་ནས་ཉག་རོང་ཕྱོགས་སུ་ རྒྱུགས། ཡིན་ནའང་མི་རྒན་བེམ་རིམ་ཆེན་པོས་སྡེ་བ་ཨ་མའི་རྗེས་ཟིན་དུས་ཉག་རོང་དཔོན་མོའི་མངལ་དུ་ཞུགས་ཟིན་ ནས་བྱ་ཐབས་མ་རྙེད་པར་ཕྱི་རང་ཡུལ་དུ་ལོག། ལི་ཐང་དགོན་གྱི་ཟུར་ཕྱོགས་ག་རོང་དུ་འགྲོ་ས་དང་སྡེ་བ་ཨ་མ་བྲོས་སའི་ལུང་པའི་མདའ་རུ་མཆོད་རྟེན་ཞིག་བཞེངས་འདུག། དེ་ནི་སྡེ་བ་ཨ་མ་ད་ལྟ་འདྲེ་རུ་སྐྱེ་ཙང་མར་ལི་ཐང་གི་ཡུལ་དུ་མི་ཡོང་བའི་ཁ་གནོན་ཡིན་ཟེར།

ད་ཉག་རོང་གི་དཔོན་མའི་མངལ་དུས་རྫོགས་ནས་བུ་བཟང་པོ་ཞིག་སྐྱེ། དཔོན་མོ་དགའ་ཐག་ཆད་ནས་ས་གནས་དེ་རུ་མཚམས་པ་བ་ཞིག་ཡོད་པའི་དེའི་རྩ་རུ་མིང་བཏགས་ས་ཁྲིད་དུ་སོང་། ཁོང་མ་བུ་གཉིས་མཚམས་པ་བའི་སྒོ་ནང་དུ་ཡར་འཛུལ་ཡོང་དུས་མཚམས་པ་བས་བུ་དེ་དགོན་པོ་ཡི་སྤྲུལ་པ་དངོས་སུ་མཐོང་ནས། བླ་མ་ཡང་ཐུགས་དགྱེས་པོས་ངང་བུ་དེ་ལ་དགོན་པོ་རྣམ་རྒྱལ་དུ་བཏགས་ཞེས་གསུངས། དཔོན་མོ་ཡང་སེམས་པ་དགའ་ཐག་ཆད་ནས་བུ་ཁྲིད་དེ་ཕྱིར་ལོག་བྱསམཚམས་པ་བའི་བུ་ཡི་རྒྱབ་ནས་ཅིག་ལྟ་དུས་སུ་བུ་དེ་ནི་བདུད་དངོས་སུ་མཐོང་། མཚམས་པ་བའི་ད་འགྲིགས་མ་སོང་དྲན་ནས་དཔོན་མོ་ཡར་སྐད་བཏང་སྟེ། ད་གི་མིང་དེ་ཅུང་འགྲིགས་མ་སོང་། བུའི་བསོད་ནམས་ལ་གནོད་ས་རེད་དེ་ལས་བུ་ལ་བར་ཆད་མི་ཡོང་བའི་ཆེད་དུ་བུ་ལོ་ཞྭ་ར་བཏགས་ན་ཡག་པོ་འདུག་ཅེས་གསུངས་ནས་བུ་ལ་བུ་ལོ་ཞྭ་ར་རྟགས་བ་མ་ཟད། ཨ་མའི་སེམས་ལ་ཡང་གནོད་མི་དགོས་པ་བཟོས། དེ་ནས་བཟུང་ཉག་རོང་བུ་ལོ་མ་འམ་བུ་ལོ་ཞྭ་ར་དུ་ཡོངས་སུ་གྲགས།


ཉག་རོང་དཔོན་བུ་ལོ་ཞྭ་ར་དང་མཉམ་དུ་མཚར་ལོང་བྱུང་བའི་བུ་ཞིག་ཡོད་དེ་ཡི་མིང་ལ་པདྨ་བདུད་འདུལ་ཟེརཁོང་ནི་ཁོ་ཚིལ་ཚང་ཞེས་པ་མི་ཚང་དེའི་ནང་དུ་སྐྱེ། ཁོང་ཆུང་དུས་ནས་ཕ་མ་གཉིས་ཀ་གྲང་། ཕ་ཡི་སྲིང་མོ་ཨ་ནེ་ཞིག་ཡོད་ཀྱང་པདྨ་བདུད་འདུལ་ལོ་ན་ཅུང་ཙམ་ཆེ་བ་ན་ཨ་ནེ་ཡིས་ཁ་ལ་མ་ཉན་པར་ཉིན་མོ་བུ་ལོ་ཞྭ་ར་དང་མཉམ་དུ་གྲི་མདུང་གི་རྩེད་མོ་རྩེ། དགོངས་མོ་བྲག་ཕུག་ཏུ་ཉལ་ནས་རང་ཁྱིམ་དུ་ལོག་གི་མེད་པ་རེད་འདུག། རིམ་བཞིན་ཁོང་གཉིས་ན་གཞོན་དར་མ་ཆགས། བུ་ལོ་མས་རྒྱ་ས་འཛིན། ཡིན་ནའང་ཁོང་གཉིས་ཀྱིས་འགྲིན་རྩེད་སྔར་ལྟར་མུ་མཐུད་ནས་བྱས། ཉིན་ཞིག་ལ་བུ་ལོ་ཞྭ་རས་པདྨ་བདུད་འདུལ་ལ་མདའ་ཞིག་སྤྲོད་ནས་ཡར་གི་བྲག་སྟེང་བཙུགས་ཐུབ་ན་ངའི་རྒྱལ་ས་ཕྱེད་ཀ་ཁྱོད་ལ་སྤྲོད་ཟེར། པདྨ་བདུད་འདུལ་གྱིས་ཡ་ཡ་ཟེར་ནས་མདའ་དེ་ལག་ལ་བཟུང་སྟེ་བྲག་ལ་འཛེགས་ནས་སོང་། བུ་ལོ་ཞྭ་རས་བསམ་པར། བྲག་དེ་ལ་འཛེགས་ཐུབ་མཁན་ནམས་མཁའི་བྱ་མ་གཏོགས་ཡོད་མ་རེད། མི་འདི་ནི་ཕལ་པ་ཞིག་རེད་མི་འདུག། ད་འགྲིག་སོང་ཟེར་ན་དགའ་མ་གཏོགས་གཞན་རྒྱལ་ས་ཤོར་ཐག་ཆད་རེད་དྲན་ནས་པདྨ་བདུད་འདུལ་ལ་ད་འགྲིགས་སོང་མདའ་དེ་རུ་ཚུགས་ནས་མར་བབས་ཤོག་ཅེས་ལབ། པདྨ་བདུད་འདུལ་ལ་བཤད་ན་མདའ་དེ་བྲག་རྩེ་བཙུགས་མ་ཐུབ་་དེ་རྟེན་འབྲེལ་ཅང་མ་འགྲིགས་པ་རེད་ཟེར།

དེ་ནས་བཟུང་བུ་ལོ་ཞྭ་རས་མ་འོངས་པར་ང་གསད་མཁན་མི་དེ་འདི་ཡིན་པ་འདྲ་བསམས་ནས་བློ་མ་བདེ་བ་དང་སེམས་པ་ཡང་སྔར་ལྟར་སྐྱིད་པོ་མེད་པ་ཆགས་ནས། ཁོང་གི་དམག་མི་ཏང་སྟེ་པདྨ་བདུད་འདུལ་སོད་ཤོག་ཟེར་ནས་བཀའ་ཕབ།་དམག་མི་པདྨ་བདུད་འདུལ་སྡོད་སའི་བྲག་ཕུག་ཏུ་འབྱོར་དུས་བྲག་ཕུག་ནང་ལ་པདྨ་བདུད་འདུལ་མེད་པར་སྟག་ཆེན་པོ་ཞིག་ཉལ་སྡོད་ཡོད་པ་མཐོང་། སྟག་དེས་མི་རྣམས་མཐོང་དུས་ངར་རོལ་སྒྲོག་བ་ན་མི་རྣམས་སྐྲག་ཐག་ཆད་ནས་ཕྱི་དཔོན་པོའི་ས་བཅར་བ་དང་ལོ་རྒྱུས་རྣམས་ཞུས། ཡིན་ནའང་བུ་ལོ་ཞྭ་ར་ཡིད་མ་ཆེས་ནས་མུ་འཐུད་དེབསད མི་གཞན་གཏང་། བསད་མི་གཞན་པ་རྣམས་ཀྱི་ཡང་བྲག་ཕུག་ནས་འབྲུག་སྔོན་པོ་གནམ་ལ་འཕུར་ཏེ་སྐད་རྒྱབ་པ་སོགས་མཐོང་ཐོས་བྱུང་། ཁོང་ཚོ་ཡང་ནང་ལ་འགྲོ་མ་ནུས་པར་ཕྱི་ལོག་ནས་དཔོན་པོ་ལ་ཅི་བྱུང་གི་ལོ་རྒྱུས་གསལ་པོ་ཞུས། དཔོན་བུ་ལོ་ཞྭ་རས་ད་ཡིན་ན་ངོ་མ་ཐབས་ཤེས་ཤིག་མ་ཏང་ན་ཡག་པོ་བྱུང་མ་སོང་དྲན་ནས་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་།བློ་རྩེ་ཉེར་ཤུ་རྩ་ལྔ་བཀོད་ཟེར་བ་ལྟར། ཉིན་མཚན་མེད་པ་བསམ་བློ་གཏོང་། མཐའ་མ་དེ་ཅི་ཡིན་རུང་ཁོང་དང་མཉམ་དུ་གྲོགས་ཀྱི་མནའ་ཞིག་བཞག་ན་དེ་ལས་དགའ་བ་མི་འདུག་སྙམ།

ཉིན་གཅིག་བུ་ལོ་དཔོན་གྱིས་ཇ་ཆང་དང་ཟས་སྣ་མང་ཙམ་བསྒྲིགས་ནས་པདྨ་བདུད་འདུལ་སྐད་གཏོང་གཉིས་ཀས་ཇ་ཆང་ལ་རོལ་བཞིན་བུ་ལོ་དཔོན་གྱིས་ཡ་པདྨ་བདུད་འདུལ་ང་གཉིས་ཆུང་བྱིལ་པའི་སྐབས་ནས་ད་བར་གྲོགས་པོ་དམ་ཚིག་ནམ་ཡང་ཉམས་མ་མྱོང་ལ་མ་འོངས་ཀྱང་ཁྱོད་ཤི་ན་ང་ཤི་ཟེར་ནས་མནའ་སྐྱེལ་དམ་བཅའ་བཞག་དགོས་ཞེས་ཟེར་ནས་གཡོ་གཏམ་བཤད། པདྨ་བདུད་འདུལ་གྱིས་ཡིན་དང་ཡིན་ཟེར་ནས་མནའ་སྐྱེལ། བུ་ལོ་དཔོན་ལ་ཆགས་བཞག་ན་མནའ་སྐྱེལ་ནས་བཟུང་སེམས་པ་བདེ་པོ་བྱུང་བ་རེད་ཟེར།

བུ་ལོ་དཔོན་ནི་དབང་ཤུགས་ཆེན་རེ་སོང་བ་དང་ཁམས་ལུང་པ་མང་པོ་དབང་དུ་བསྡུས། དེ་ནས་ལོ་ཞིག་ལ་ལི་ཐང་གི་ཡུལ་དུ་དམག་ཕབ་ནས་དབང་དུ་བསྡུ་བའི་ཐབས་ཤེས་བྱས། ལི་ཐང་གི་དཔོན་བླ་སོགས་ཚོགས་འདུལ་བཀོང་། བུ་ལོ་དཔོན་གྱི་བསམ་པར་དང་པོ་བླ་མ་སྤྲུལ་སྐུ་ཡིན་ཟེར་མཁན་འདི་ཚོ་ལ་སྤྲུལ་པ་འདྲ་སྟོན་རྒྱུ་མེད་ན་ངས་རེ་རེ་བཞིན་མེད་པ་བཟོ་དགོས་དྲན་པ་རེད་ཟེར། ཁོང་རང་གྲོས་འགོ་ཏུ་སྡོད་ནས། ཡ་་་ང་ལ་དུ་མྱེ་ཞིག་ཁྱེར་ཤོག་ཟེར་ནས་བཀའ་གཏོང་། དེ་འདྲ་ཞིག་ལ་གྲྭ་མང་གི་གྲལ་འཇུག་ནས་གྲྭ་ཕྲུག་ཅིག་ཡར་ལངས་བ་དང་ཁོང་གི་རྩར་རུ་སོང་། དེ་རུ་འབྱོར་བ་དང་ལག་པའི་འཛུབ་མི་ལྔ་ལ་མྱེ་དཔར་ནས་དུ་མྱེ་སྒྲོན་ཁུལ་བྱས་པ་དང་ལམ་སང་མྱེ་རྟགས་དེ་ཁོང་གི་མགོ་ལ་དཀྲུས་ཡོད་པའི་ཨ་སྡེ་རས་ལ་གཏོར ། མགོ་རས་དེ་བུ་ལོ་དཔོན་ཁོང་རང་གི་དཔང་དུ་ལྷུང་། དེ་དུས་བུ་ལོ་དཔོན་གྱིས་ད་གྲྭ་ཕྲུག་ཆུང་ཆུང་འདི་ལ་དེ་འདྲ་ཞིག་སྟགས་སྟོན་རྒྱུ་ཡོད་ན་གྲྭ་རྒན་མགོ་དཀར་འདི་ཚོ་ལ་དེ་ལས་ལྷག་པར་སྤྲུལ་རྟགསསྟོན་རྒྱུ་ལོས་ཡོད་སྙམ་སྟེ། ཁོང་གི་ང་རྒྱལ་ཅུང་ཙམ་ཞིམ་ནས་ལག་ལེན་ལྟར་མ་ནུས་པར་མ་ཟད། ཁོང་གི་དམག་མི་རྣམས་ལ་ཡང་འབུ་རུ་སྡུག་པོ་ཞིག་ཐོན་ནས་ཉལ་ས་ལྷུང་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲོད་འདུག། བུ་ལོ་དཔོན་ལ་ལི་ཐང་དབང་དུ་བསྡུ་བའི་བསམ་པ་མེད་པ་ཆགས་ནས་ཕྱི་ཉག་རོང་དུ་ལོིག་པ་རེད་འདུག།

བཤད་སྲོལ་ལ་བུ་ལོ་དཔོན་དམག་གཉིས་ལ་དཀའ་ངལ་འཕྲད་དེ་ཕྱི་ལོག་བྱས་པ་དེ་ནིསྔར་ཕ་རྒན་གྱིས་ཚུལ་འཛིན་བེམ་རིམ་ཆེན་པོས་མཆོད་རྟེན་བཞེངས་བའི་བཀའ་དྲིན་ཡིན་ཞེས་ཡུལ་མི་རྣམས་ཀྱི་ད་ལྟའང་ངག་རྒྱུན་དུ་ཡོད་པ་མ་ཟད། ད་དུང་བེམ་རིམ་ཆེན་པོའི་ཡང་སྲིད་རིམ་བྱིན་ཕེབས་པ དང་ད་ལྟ་ལི་ཐང་དགོན་དུ་ཡོད་པའི་ཚ་དར་བླ་མ་ཞེས་པ་དེའི་སྐུ་ཕྲེང་དང་པོ་ཡིན་པ་གྲགས།

བུ་ལོ་དཔོན་ཉག་རོང་དུ་ལོག་ནས་རྒྱས་རིང་མ་འགོག་པར་རྒྱ་དམག་དང་ཐུག་ནས་དམག་ཕབ་པ་མ་ཟད། ཁོང་རང་རྫ་རི་ལ་བྲོས་ཕྱིན། རྒྱ་དམག་གིས་མཐའ་ནས་བསྐོར། ཁོང་ལ་ལྟོག་བཀག་བྱས་ནས་ཤི་ཆུགས་པ་རེད་ཟེར། ཅི་ཡིན་རུང་ཁོང་ཤི་བའི་སྐབས་སུ་ཉག་རོང་ཡུལ་མི་ཀུན་གྱི་གོ་བའི་སྒྲ་ཆེན་པོ་ཞིག་གྲགས་ནས་རྟགས་སྟོན་པ་རེད་ཟེར །དེ་དུས་ཉག་བླ་པདྨ་བདུད་འདུལ་གྱིས་འོ་ད་འགྲིགས་མ་སོང་བུ་ལོ་དཔོན་ཤི་བ་རེད་ད་ང་ཡང་འགྲོ་རིན་སོང་ཟེར།ཁོང་གིས་ཨ་ནེ་ཡི་འོ་མ་ཞིག་ཁྱེར་ཡོང་བ་དང་སྟོབས་ཁེལ། ཨ་ནེ་ཡི་ཁྱོད་ག་ན་འགྲོ་ཟེར། པདྨ་བདུད་འདུལ་གྱི་འོ་མ་དེ་མགྱོགས་པོ་མཐུང་ནས་ཁོང་རང་ཡང་ཞིང་ལ་བཤེགས། རྒྱུ་མཚན་ནི་སྔར་བུ་ལོ་དཔོན་དང་ཁྱོད་ཤི་ན་ང་ཡང་ཤི་ཟེར་བའི་མནའ་བཞག་ཙང་བླ་མ་ཡང་ཞིང་དུ་བཤེགས་པ་རེད་ཟེར

མི་སེལ་རྣམས་ལ་བླ་མ་ཞིང་ལ་ཕེབས་པའི་མྱ་ངན་ཡོད་ཀྱང་ཕྱོགས་གཅིག་ནས་བུ་ལོ་དཔོན་མེད་པ་ཆགས་ནས་ཉག་རོང་ཙམ་མ་ཟད། ཁམས་ལུང་པ་མང་པོ་ཞིག་ལ་བདེ་སྐྱིད་ཡོང་ཡོད་པ་རེད་ཟེར་ནས་ཀུན་ལ་གྲགས།

ལྷ་སྒྲུང་ཡིན་དང་གཏམ་རྒྱུད་ཡིན་གང་ལྟར་ངོ་མཚར་བའི་ལོ་རྒྱུས་རིང་པོ་འདུག་ཀྱང་ངས་བསྡུས་པ་ཙམ་ལི་ཐང་མི་རྒན་ངག་རྒྱུན་ལྟར་བྲིས་པ་ཡིན་པའི་ནོར་བའི་རིགས་ལ་དགོངས་སེལ་ཞུ་རྒྱུ །