ཁྱིམ་ཚང་ཆེན་པོ་གཉིས་ཀྱི་བར་དུ་བཙིར་བའི་བློ་བཟང་སེང་གེ
འཁྲབ་སྟོན་དེ་དག་གི་ནང་ནས་ཆེས་སྟོབས་ཤུགས་ཆེ་བའི་འཁྲབ་སྟོན་པ་གཉིས་ནི་རྒྱ་རི་ཚང་དང། བཀྲས་མཐོང་ཚང་རེད། ཁྱིམ་ཚང་དེ་གཉིས་ནི་བཙན་བྱོལ་བའི་ལོ་རྒྱུས་ཐོག་སྐད་གྲགས་ཆེན་པོ་ཡོད་མཁན་ཞིག་རེད་ལ་ད་དུང་བཙན་བྱོལ་སྤྱི་ཚོགས་དེ་གཡོ་འགུལ་ཆེན་པོ་གཏོང་གི་ཡོད། རྩ་བ་ནས་གཡོ་འགུལ་གཏོང་གི་ཡོད་ལ་ཡལ་ག་དང་ལོ་མ་སོགས་ལའང་གཡོ་འགུལ་གཏོང་བཞིན་ཡོད། ད་ལོའི་བཀའ་ཁྲིའི་འོས་གཞིའི་ནང་དུ་མི་སྣ་འདྲ་མིན་བྱུང་བའི་ནང་ནས་ལོ་གཞོན་ཤོས་དང་ཤེས་ཡོན་གྱི་ཐོག་ནས་སྐད་གྲགས་ཆེ་ཤོས་དེ་བློ་བཟང་སེང་གེ་ཆགས་ཡོད་ལ། སྤྱི་ཚོགས་ནང་དུའང་བློ་བཟང་སེང་གེ་ལ་མཐོང་དང་ཆ་འཇོག་གང་འཚམས་སླེབས་པའི་སྐབས་སུ་དབུས་གཙང་དབུས་རྒྱུན་ལས་ཀྱི་མིང་ཐོག་ནས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཅིག་པུ་བཀའ་ཁྲིའི་འོས་མིར་བཏོན་ནས་འཁྲབ་སྟོན་གཅིག་བྱས་པ་དང། དེ་ནས་ཚོགས་གཞོན་རྒྱ་རི་སྒྲོལ་མས་གསར་འགོད་གསལ་བསྒྲགས་བྱས་ནས་བཀའ་ཁྲིར་ལངས་འདོད་ཡོད་སྐོར་འཁྲབ་སྟོན་གཅིག་བྱས་སོང། མོ་རང་རྒྱ་གར་གྱི་མི་སེར་ལག་ཁྱེར་བཟོས་པའི་སྐོར་གྱི་དྲི་བ་ལ་ལན་གསལ་པོ་ཞིག་མ་བརྒྱབས་པ་དང། ད་དུང་བོད་མི་ཕྱི་རྒྱལ་དུ་གཏོང་རྒྱུའི་ཐད་བསམ་བློ་གཏོང་དགོས་སྐོར་གྱི་སྐད་ཆ་སྙིང་རྗེ་པོ་གསུངས་འདུག དེ་བཞིན་སྔོན་མ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཚགས་པར་ནང་དུ་འབྲི་མྱོང་མཁན། བཀྲས་མཐོང་གི་གཉེན་ཉེ་མཁས་དབང་འཇམ་དབྱངས་ནོར་བུས་ཀྱང་བློ་བཟང་སེང་གེ་མར་གཡུགས་ཐབས་ཆེད་དུ་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་ལུགས་ཀྱི་འུར་སྒྲ་སྒྲོག་གི་ཡོད་པའི་གོ་ཐོས་ཀྱང་བྱུང། མདོར་ན་འདི་དག་ཚང་མ་འཁྲབ་སྟོན་པ་རྩེ་གྲ་རྐྱང་རྐྱང་རེད།
འདས་པའི་བཙན་བྱོལ་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། རྒྱ་རི་ཚང་རྒྱགས་པ་ཆགས་པ་དང། བཀྲས་མཐོང་ཚང་དབང་ཐང་འཕེལ་བའི་བཀའ་དྲིན་ནི། བོད་གཞུང་གི་གཞུང་དངུལ་ལྐོག་ཟ་བྱས་པའི་རྒྱུ་མཚན་ཡིན་སྐོར་ཡོངས་གྲགས་ཆགས་ཡོད། འོན་ཀྱང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ཁྲིམས་ཐོག་སོགས་ནས་ཁོང་ལ་ནག་ཉེས་ཡོད་པའི་ར་སྤྲོད་བྱུང་བ་དེ་འདྲ་མེད་ནའང། སྤྱི་ཚོགས་ནང་དུ་གླེང་ཕྱོགས་ཆེན་པོ་དེ་འདྲ་བྱུང་དུས་བཀྲས་མཐོང་གི་ངོས་ནས་ནག་མེད་ཉེས་འཛུགས་བྱས་སྐོར་ར་སྤྲོད་ཁ་གསལ་ཞིག་བྱེད་དགོས་ངེས་ཡིན་ཡང། ད་ལྟ་བར་ཁུ་སིམ་མེར་བསྡད་པ་ལས་དེའི་སྐོར་གང་ཡང་མ་བཤད་པས་སྤྱི་ཚོགས་ནང་དུ་ཁོང་གིས་ལྐོག་ཟ་དངོས་སུ་བྱས་པའི་དོགས་པ་ཆེ་རུ་འགྲོ་ཡི་ཡོད།
རྒྱ་རི་པདྨ་རྒྱལ་པོ་ཉི་ཧོང་གི་དོན་གཅོད་བྱས་པའི་སྐབས་སུ་བདེ་སྲུང་ལས་ཁུངས་ཀྱིས་ཐེ་ཝན་གཞུང་ལ་ཨ་སྒོར་འབུམ་བཞི་བཅུའི་འཆར་གཞི་ཞིག་པདྨ་རྒྱལ་པོ་བརྒྱུད་ཕུལ་སྐབས། རྗེས་སུ་ཨ་སྒོར་འབུམ་ཉེར་ལྔ་སྤྲད་ཀྱང་ལྷག་མ་འབུམ་བཅོ་ལྔ་གར་སོང་མེད་པར་ཆགས་པ་དང། བདེ་སྲུང་ལས་ཁུངས་དང་པདྨ་རྒྱལ་པོའི་དབར་བྱུང་སོང་གི་རྩིས་ཁྲ་གང་ཡང་མེད་པ་དང། ཐའེ་ཝན་གཞུང་གིས་དངུལ་དེ་དག་པདྨ་རྒྱལ་པོ་བརྒྱུད་ནས་སྤྲད་པ་མ་གཏོགས་སྐབས་དེའི་བདེ་སྲུང་བཀའ་བློན་བཀྲ་ཤིས་དབང་འདུས་དངུལ་སྤྲོད་ལེན་གྱི་ནང་དུ་མེད་པ་ཞིབ་འཇུག་ཚོགས་ཆུང་གིས་གསལ་པོ་ཤེས་ཡོད་པ་རེད། དེར་བརྟེན་ཨ་སྒོར་ག་ཚོད་རག་མིན་པདྨ་རྒྱལ་པོས་གང་བཤད་མ་གཏོགས་གཞན་ཕུ་འདེད་བྱེད་ས་གང་ཡང་མེད་པར་ཆགས་པ་རེད། དེ་བཞིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་བོད་ཀྱི་མགྲོན་ཁང་ཉམས་གསོ་ཙམ་བྱེད་པའི་ཆེད་དུ་ཧིན་སྒོར་འབུམ་མང་པོ་བཏང་བའི་རྙོག་གྲ་དང། རྒྱ་རི་པདྨ་རྒྱལ་པོས་ཐའེ་ཝན་ནས་བཏང་བའི་དངུལ་གྱི་རྙོག་གྲ། ལ་དྭགས་ནས་ར་ཡི་ཁུ་ལུའི་སྐོར་གྱི་རྙོག་གྲ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དཔལ་འབྱོར་བཀའ་བློན་བྱས་སྐབས་ཀྱི་དཔལ་འབྱོར་གྱི་རྙོག་གྲ་དང། དེ་རྗེས་བཀའ་ཁྲིའི་ལས་ཡུན་མ་རྫོགས་གོང་ནས་དགོངས་པ་ཞུས་ནས་ཨ་རིར་ཕྱིན་པ་སོགས་ལ་བལྟས་ན། ཡང་བསྐྱར་བཀའ་ཁྲིར་འོས་བབ་ཡོད་པའི་མི་ཞིག་རྩ་བ་ནས་ཆགས་ཀྱི་མེད་ལ། འདི་ཚོའི་སྐོར་ད་དུང་བསྔོག་ན་དྲི་མ་ཇེ་ཆེ་འགྲོ་རྒྱུ་ལས་གང་ཡང་མེད།
འོན་ཀྱང་འཁྲབ་སྟོན་པ་མཁས་པ་འདི་ཚོས་འཁྲབ་པའི་ཟློས་གར་ནི། རྒྱབ་བརྟེན་མཐུག་ཅིང་གཏིང་ཟབ་ལ་ཁུག་སོ་དང་ཉམས་འགྱུར་མང་པོ་ཡོད་པ་ཡིན་དུས། སྤྱི་ཚོགས་ནང་དུ་ནུས་མེད་ཅིག་དང། ནག་པོ་ཞིག་ཏུ་འགྱུར་ཐུབ་ཀྱི་མེད། བློ་བཟང་སེང་གེ་ལྟ་བུ་ཆེན་པོ་སུ་ཞིག་གི་རྒྱབ་རྩ་མེད་པ་དང། རྒྱབ་ལྗོངས་སུ་བྲག་རི་དང་རྫ་རི་གང་ཡང་མེད་མཁན་ཞིག་ཡིན་དུས། ནོར་འཁྲུལ་ཏོག་ཙམ་ཤོར་ན་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་ངེས་རེད་ལ། ནོར་འཁྲུལ་ཆུང་ཆུང་ཡིན་ཡང་ཆེན་པོ་ཞིག་ཏུ་བསྒྱུར་ནས་བགེགས་བསྐྲད་པ་བཞིན་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོང་ཞིག་ཟེར་ནས་ཐལ་ལྕག་ཤུགས་ཆེན་པོས་བརྡབ་ངེས་རེད། ང་ཚོའི་སྤྱི་ཚོགས་ཀྱི་ངོ་གདོང་གི་རྣམ་པ་འདི་འདྲ་ཞིག་རེད། སྐྱོན་གཞན་བཏགས་ས་མེད་དུས། ད་སྐབས་བློ་བཟང་སེང་གེ་འགོག་པའི་སྐད་ཆ་གཙོ་བོ་ནི་ཉམས་མྱོང་མེད་རབས་གླེང་བ་དེ་རེད། མ་གཞི་ཉམས་མྱོང་ཟེར་བ་ནི་ལས་ཀ་བྱས་ནས་ཉམས་མྱོང་གསོག་རྒྱུ་ཞིག་ཡིན་པ་ལས། ལས་ཀ་མ་བྱས་སྔོན་ནས་ཉམས་མྱོང་ཡོད་མཁན་ཞིག་འཇིག་རྟེན་འདིར་ཡོད་མི་སྲིད་པ་ཞིག་རེད། མདོར་ན། འཁྲབ་སྟོན་འདི་དག་གི་བརྒྱུད་རིམ་དང། སྟོབས་ཤུགས་ཚང་མ་རེ་རེ་ནས་ཕྱོགས་བསྡོམས་བྱེད་ཡོང་དུས་བློ་བཟང་སེང་གེ་བཀའ་ཁྲིར་ཐར་ས་མེད་པར་སྒོ་ཆེན་གཡས་གཡོན་གཉིས་ནས་བཙིར་བསྡད་ཡོད་པ་གཞི་ནས་ཤེས་ཀྱི་རེད།།