ཨ་ཅག་རྒྱ་རི་སྒྲོལ་མས་ཕྱི་རྒྱལ་ལ་གཏོང་གི་ཡིན་ཟེར་གྱི་འདུག

འོན་ཀྱང་བཀའ་ཁྲིའི་འོས་མིའི་ནང་ཞུགས་མཁན་རིགས་གཅིག་ཁ་ཁུ་སིམ་པོ་བྱེད་ནས་བསྡད་པ་དང།རིགས་གཅིག་གིས་རང་ཉིད་དང་འབྲེལ་བའི་མི་བེད་སྤྱོད་ནས་རང་ཉིད་བཀའ་ཁྲིའི་འོས་མི་ནང་ཁྱབ་བསྒྲགས་བྱེད་བཅུག་པ་སོགས་སྣ་ཚོགས་བྱུང་ཡོད། ད་ལྟའི་བར་བཀའ་ཁྲི་ལངས་མཁན་ཡིན་ཟེར་ནས་གསར་འགོད་གསལ་བསྒྲགས་བྱེད་མཁན་ཨ་ཅག་རྒྱ་རི་སྒྲོལ་མ་མ་གཏོགས་བྱུང་མེད། ལ་ལས་རྒྱ་རི་ལ་བཀའ་ཁྲི་ཐོབ་མི་སྲིད་ཀྱང་བཀའ་ཁྲིའི་འོས་ཁོངས་སུ་ཞུགས་པར་རྒྱ་མཚན་གཞན་ཞིག་ཡོད་བརྗོད་ཀྱི་ཡོད། དེ་ནི་ད་ལྟའི་སྐབས་ང་ཚོས་བརྗོད་ཐུབ་པ་ཞིག་མིན་པས་རེ་ཞིག་བགྲོ་གླེང་གི་བརྗོད་གཞིར་འཇོག་མི་འདོད། ད་ལྟའི་སྐབས་ཡོངས་གྲགས་སུ་འགྲོ་བཞིན་པ་དང་ཨ་ཅག་རང་ཉིད་ཀྱིས་གསུངས་ཡོད་པ་ནི། གལ་སྲིད་མོ་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ན་ཕྱི་རྒྱལ་ལ་གཏོང་གི་ཡིན་ཟེར་བ་འདི་རེད། སྐད་ཆ་འདི་ནི་ད་ལྟའི་བར་གྱི་བོད་གཞུང་གི་ལངས་ཕྱོགས་དང་། དམིགས་སུ་བཀར་ནས་ཟམ་གདོང་རིན་པོ་ཆེའི་ཤེས་ཡོན་སྲིད་ཇུས་སོགས་ཀྱི་དགོས་དོན་དང་རྒྱབ་འགལ་ཏག་ཏག་འགྲོ་ཡི་ཡོད། དང་པོ། བོད་གཞུང་གི་ལངས་ཕྱོགས་ནང་ནས་གལ་ཆེ་ཤོས་གཅིག་གཞིས་ཆགས་སྲ་བརྟན་བྱེད་རྒྱུ་དེ་རེད། གཞིས་ཆགས་སྲ་བརྟན་ཟེར་བ་ནི། གཞིས་ཆགས་སུ་ཡོད་པའི་བོད་མི་ཚོས་ཞིང་ཁ་བདག་པོ་བརྒྱབ། རང་ཁྱིམ་བརྟན་སྲུང་བྱེད། བོད་མི་ཁ་འཐོར་མི་འགྲོ་བ་བྱེད་རྒྱུ་གསུམ་རེད། བོད་གཞུང་གིས་ཞིང་ཁ་བདག་པོ་བརྒྱབ་ཐུབ་ཆེད་དུ། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ལངས་པའི་དུས་ཡོན་ནང་ཧིན་སྒོར་འབུམ་ཉིས་བརྒྱ་ལྷག་ཞིང་ཁ་ཁོ་ནའི་ཆེད་དུ་བཏང་པ་དང་གཏོང་བཞིན་ཡོད། རང་ཁྱིམ་བརྟན་སྲུང་དང་བོད་མི་ཁ་འཐོར་མི་འགྲོ་བའི་ཆེད་དུ་བོད་ཕྲུག་ཚོ་གཞིས་ཆགས་རང་དུ་གནས་ཐབས་སུ་བོད་གཞུང་གི་ལག་ཤེས་སྡེ་ཚན་བཙུགས་པ་སོགས་ལས་དོན་སྒྲུབ་བཞིན་ཡོད་པ་དང། སྔོན་དུས་ཨ་རིའི་ནང་བོད་མི་ཉིས་སྟོང་བཏང་པ་འདིས། དེང་སྐབས་གཞིས་ཆགས་སུ་ཕྱི་རྒྱལ་ལ་འགྲོ་རྒྱུའི་ནད་ཡམས་ལྟ་བུ་བྱུང་ནས་བོད་མི་མང་པོ་ཞིག་གིས་ཞིང་ཁ་དང་རང་ཁྱིམ་སོགས་གཡུགས་ཐབས་བྱེད་བཞིན་ཡོད་པས། གནད་དོན་འདི་ནི་གཞིས་ཆགས་ཀྱི་སྲ་བརྟན་འཁྲུག་པའི་རྐྱེན་རྩ་གཙོ་བོ་ཡིན་པ་བོད་མི་རྒན་པ་ཚོས་བརྗོད་བཞིན་ཡོད་པ་རེད། གལ་སྲིད་བོད་མི་ཚོ་རིམ་གྱིས་ཕྱི་རྒྱལ་ནང་བཏང་པ་ཡིན་ན། ད་ལྟ་ང་ཚོས་མཐོང་ཐུབ་པ་ནི་ཕྱི་རྒྱལ་ལ་ཡོད་མཁན་བོད་མི་ཚོའི་འཚོ་བའི་ཐད་ལ་དཀའ་ངལ་དེ་ཙམ་མེད་རུང་། བོད་རིགས་མཉམ་གནས་མི་ཐུབ་པ་ས་ཁུལ་འདྲ་མིན་ཁ་འཐོར་དགུ་འཐོར་འགྲོ་བཞིན་ཡོད། རྒྱ་གར་ནང་གི་བོད་མི་ལྟར་སློབ་གྲྭ་གཅིག་གི་ནང་བོད་ཕྲུག་ཚང་མས་སློབ་སྦྱོང་བྱེད་རྒྱུ་ནི་དེ་བས་ཀྱང་མི་སྲིད་པ་ལྟ་བུ་རེད། གནད་དོན་འདིས་ཕྱི་རྒྱལ་ནང་ཡོད་པའི་བོད་ཕྲུག་ཚོས་བོད་སྐད་དང་བོད་ཡིག་ཤེས་ཀྱི་མེད་ལགས། བོད་དོན་ལ་རྒྱུས་མངའ་ཡང་ཡོང་གི་མེད། དེང་རབས་ཀྱི་ཁྲ་ཁྲ་ཟིང་ཟིང་གི་ཁྲོང་ནས་བོད་ཕྲུག་མང་ཆེ་བ་ལ་བོད་པའི་ཤ་ཞེན་དང་། བོད་ཀྱི་འདས་པའི་ལོ་རྒྱུས་དང་མ་འོངས་པའི་ཆག་འཇིག ད་ལྟའི་གནས་བབས་བཅས་ལ་སེམས་འཁུར་བྱེད་པའི་འདོད་པ་མེད་ལགས། གལ་སྲིད་བྱེད་པའི་དབང་དུ་བཏང་ནའང་ཕྱི་རྒྱལ་མི་རིགས་ཤིག་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ལྟ་བུ་ལས། རང་ཉིད་ཀྱི་ཤ་ཁྲག་དང་འདྲེས་བའི་མི་རིགས་ཤིག་གི་དོན་དུ་ལས་དོན་བྱེད་ཀྱི་ཡོད་པ་ལྟ་བུ་མེད། འདི་ནི་ད་ལྟ་ང་ཚོས་མཐོང་བཞིན་ཡོད་པས་ངས་འགྲེལ་བརྗོད་བྱེད་དགོས་དོན་མེད། ཨ་ཅག་རྒྱ་རིས་བོད་མི་ཕྱི་རྒྱལ་ལ་གཏོང་གི་ཡིན་ཟེར་བ་འདི་ནི། བོད་ཀྱི་དཀའ་ངལ་དང་བོད་གཞུང་གི་ལངས་ཕྱོགས། མ་འོངས་པའི་གནད་དོན་སོགས་གང་ལའང་བསམ་བློ་མ་གཏོང་བར། བཙན་བྱོལ་ནང་ཡོད་པའི་བོད་མི་ཁག་གཅིག་གི་འདོད་པ་གཙོ་བོ་བྱེད་ནས་བརྗོད་པ་ཡིན་པས། ཤོད་མཁན་མི་ཆེན་པོ་ཞིག་གིས་ཉན་མཁན་མི་ཉམ་ཆུང་ལ་བཤད་བ་ལྟ་བུ་མིན་པ། འདི་ནི་ཆབ་སྲིད་དང་མ་འོངས་པའི་བོད་གཞུང་གི་ལངས་ཕྱོགས་སོགས་དང་འབྲེལ་བ་ཆེ་བས་བོད་མི་ཚང་མས་བསམ་བློ་གཏོང་དགོས་པ་མ་གཏོགས་སྣང་ཆུང་གཏོང་མི་རུང། ཕྱོགས་གཞན་ཞིག་ནས་སྐད་ཆ་འདི་རྒྱ་གར་གྱི་ཆབ་སྲིད་མི་སྣ་ཚོའི་སྐད་ཆ་ལྟ་བུ་གནས་སྐབས་འོས་ཐོབ་ཆེད་དུ་ཡིན་སྲིད་ཀྱང། བོད་མི་ཚོས་རང་ཐག་རང་གཅོད་བྱེད་དགོས་པ་ལས། ལས་འཆར་འདི་ཙམ་འགོད་མཁན་གྱི་བཀའ་ཁྲིས་ང་ཚོའི་མ་འོངས་པའི་དམིགས་ཡུལ་དང། དམིགས་སུ་བཀར་ནས་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་དེ་སེལ་ཐུབ་རྒྱུ་ཤིན་ཏུ་དཀའ་ངལ་ཆེ་བས་དགོངས་པ་ཟབ་མོ་བཞེས་དགོས་སོ།