རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཁེ་ན་ཌར་འཚོགས་པ།
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ཞིབ་འཇུག་ཚོགས་ཆེན་གྱི་ཐོག་ཏུ་བོད་དང། རྒྱ་གར། འབྲུལ་ཡུལ། ཨ་རི། ཡུ་རོབ། ཉི་ཧོང་སོགས་རྒྱལ་ཁབ་མི་འདྲ་བ་༢༠ ཙམ་ནས་ཕེབས་པའི་བོད་རིག་པའི་ཞིབ་འཇུག་པ་མི་གྲངས་༤༠༠ ཙམ་འདུ་འཛོམས་བྱུང་ཡོད་པ་རེད། ཚང་མས་རང་ཉིད་ཀྱི་ཞིབ་འཇུག་བྱས་པའི་རྩོམ་ཡིག་རེ་རེ་སྒྲོག་སྦྱངས་གནང་བ་རྣམས་ཀྱི་བརྗོད་བྱ་ནི། དཔལ་འབྱོར་དང། སློབ་གསོ། རྩོམ་རིགས། གསོ་རིག ནང་ཆོས། ཡུལ་གོམས་གཤིས་ལུགས་དང། དེ་བཞིན་ཆབ་སྲིད་སོགས་ཀྱི་ཐོག་ལ་སྦྱངས་བཤད་དང་བགྲོ་གླེང་གནང་ཡོད་པ་རེད།
བོད་ནས་ཕེབས་པའི་མཁས་པ་ནོར་བྲང་ཨོ་རྒྱན་དང། རྒྱལ་མོ་འབྲུག་པ། མི་ཉག་ཆོས་ཀྱི་རྒྱལ་མཚན། བྱང་ངོས་པ་ཚེ་གཡང། གཅོད་པ་དོན་གྲུབ། ཆབ་འགག་རྟ་མགྲིན་སོགས་མི་གྲངས་༤༠ ལྷག་དང། རྒྱ་གར་ནས་བཀྲ་ཤིས་ཚེ་རིང་དང། སྣར་སྐྱིད་ངག་དབང་དོན་གྲུབ། རག་རྡོ་བློ་བཟང་བསྟན་འཛིན། བེ་རི་འཇིགས་མེད་དབང་རྒྱལ། རྡོ་རྗེ་དབང་ཕྱུག ལུང་རིགས་རྒྱལ་སོགས་མི་བཅུ་གྲངས་ཤིག་དང། ཉི་ཧོང་ནས་ཕེབས་པའི་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་དང། ཧྥ་རན་སི་ནས་ཕེབས་པའི་མཁར་རྨེའུ་བསམ་གཏན་རྒྱལ་མཚན། ཨ་རི་ནས་ཕེབས་པའི་བློ་བཟང་སེང་གེ་དང། འཇམ་དབྱངས་ནོར་བུ། པདྨ་འབུམ། ཧོར་གཙང་འཇིགས་མེད་སོགས་དང། དེ་བཞིན་ཨ་རི་བ་དང། ཡུ་རོབ་པ། ཉི་ཧོང་བ། རྒྱ་མི་སོགས་བོད་རིག་པའི་ཞིབ་འཇུག་པ་ཡང་ཁག་ཅིག་ཕེབས་ཡོད་པ་རེད་འདུག
ཚོགས་འདུ་དེའི་ཐོག་ཏུ་མི་ཕལ་ཆེ་བ་ནི། ལོ་གཞོན་དང་བོད་རིག་པའི་ཞིབ་འཇུག་པ་གསར་པ་མང་པོ་ཡོད་འདུག་པ་དང། མ་འོངས་པར་བོད་རིག་པའི་ཞིབ་འཇུག་གི་སྤུས་ཚད་ཐད་ལའང་རེ་བ་ཆེན་པོ་ཞིག་མངོན་གྱི་ཡོད་པ་རེད། འོན་ཀྱང་རྒྱ་གཞུང་གི་ངོས་ནས་གཞུང་འབྲེལ་གྱི་ཚོགས་པ་ཁག་གི་མི་སྣ་མ་གཏོགས་བོད་རིག་པའི་ཞིབ་འཇུག་གི་མི་སྣ་གཞན་རྣམས་ལ་ཐོངས་མཆན་སྤྲད་མེད་པའི་སྐོར། བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་གྱི་ཚོགས་གཙོ་འབུམ་རམས་པ་ཆར་ལི་སི་རམ་བྷར་ལགས་ཀྱི་ཚོགས་ཆེན་དབུ་འཛུགས་ཀྱི་ཉིན་མོར། ཐེངས་འདིའི་ཚོགས་ཆེན་ནང་དུ་བོད་དང་རྒྱ་བལ་འབྲུག་གསུམ་ནས་མི་སྣ་མང་པོ་ཞིག་ལ་ཐོངས་མཆན་མ་རག་པ་དང། འབྲེལ་ཡོད་རྒྱལ་ཁབ་ཀྱིས་བོད་རིགས་ཞིབ་འཇུག་པ་རྣམས་ལ་དམིགས་བསལ་དམ་དྲག་བྱས་ནས། ཚོགས་ཞུགས་མ་ཐུབ་པར་བློ་ཕམ་ཡོད་སྐོར་གསུངས་ཡོད་པ་རེད།
ཚེས་༢༠ སྟེ་ཚོགས་ཆེན་གྱི་ཉིན་མཐའ་མའི་ཉིན་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་དང་རྒྱུན་ལས་གསར་འདེམས་བྱས་པའི་ཁྲོད་ནས་ཚོགས་གཙོ་འབུམ་རམས་པ་ཆར་ལི་སི་རང་འཇགས་དང། མཁས་དབང་ཚེ་རིང་ཤཱཀྱ་སོགས་རྒྱུན་ལས་ཀྱི་ཁོངས་སུ་ཚུད་ཡོད་པ་རེད། སྤྱིར་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཞེས་པ་ནི་ཕྱི་ལོ་༡༩༧༩ ལོར་སུད་སི་རྒྱལ་ཁབ་ཀྱི་ཛུད་རཱེག་གྲོང་ཁྱེར་དུ་ཐེངས་དང་པོ་འཚོགས་པ་ནས་བཟུང་ལོ་གསུམ་རེའི་བར་དུ་རྒྱལ་ཁབ་དང་ས་ཆ་ངེས་མེད་ཀྱིས་འཚོག་གི་ཡོད་པ་རེད་ལ། ཐེངས་རྗེས་མ་ཕྱི་ལོ་༢༠༡༣ ལོར་ཐའེ་ལན་ཌི་དང་སུད་སི། ཝེ་རྗི་ནི་ཡ། སིངྒ་པོར་བཅས་སུ་ཚོགས་རྒྱུའི་གྲོས་སྡུར་བྱས་འདུག་པ་དང། དེ་ལྟར་མ་བྱུང་ཚེ་ཧོ་ལན་ཌིའི་མཚོ་ཐོག་ཏུ་འཚོག་རྒྱུའི་སྐོར་ལ་བགྲོ་གླེང་བྱས་ཡོད་སྐོར་གནས་ཚུལ་སྤེལ་འདུག །
{jcomments on}