རྒྱ་གར་གྱི་བླ་མ་ཨཱ་ས་རམ་བྷ་པུས་བཙན་གཡེམ་བྱས་པའི་ནག་ཉེས་ར་སྤྲོད་བྱུང་འདུག

ཨཱ་ས་རམ་བྷ་པུ་ནི་འཛམ་གླིང་ཁྱོན་ཡོངས་སུ་སློབ་མ་ས་ཡ་མང་པོ་ཡོད་པར་གྲགས་པའི་རྒྱ་གར་གྱི་བླ་མ་ཞིག་ཡིན་ཡང་། དེ་རིང་ཁོང་གིས་ཕྱི་ལོ་༢༠༡༣ ལོར་བཙན་གཡེམ་བྱས་པའི་ནག་ཉེ་ར་སྤྲོད་བྱུང་འདུག

སྦི་སྦི་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྒྱ་གར་གྱི་མངའ་སྡེ་རཱ་ཇ་སི་ཐན་གྱི་གྲོང་ཁྱེར་ཇཱོ་དྷི་པུར་གྱི་ཁྲིམས་ཁང་ཞིག་ནས། ད་ལྟ་རང་ལོ་༧༧ ལ་སོན་པའི་རྒྱ་གར་ཧིན་རྡུ་ཆོས་ལུགས་ཀྱི་བླ་མ་ཨཱ་ས་རམ་བྷ་པུ་ཡིས། ཕྱི་ལོ་༢༠༡༣ ལོར་ཁོ་རང་གི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནས་(ashram) སུ་རང་ལོ་༡༦ ལས་མ་སོན་པའི་བུ་མོ་ཞིག་ལ་བཙན་གཡེམ་བྱས་ནས་ནག་ཉེས་བསགས་ཡོད་པའི་ཁྲིམས་གཅོད་བྱས་ཡོད་འདུག

ཨཱ་ས་རམ་བྷ་པུ་ལ་འཛམ་གླིང་ཁྱོན་ཡོངས་སུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནས་༤༠༠ ཡོད་འདུག་པ་དང་། དེ་དག་ཁྲོད་ཁོང་གིས་སྒོམ་སྒྲུབ་དང་ཡོ་ག་སློབ་ཁྲིད་བྱེད་ཀྱི་ཡོད་འདུག

གཞན་ཡང་། རྒྱ་གར་གྱི་མངའ་སྡེ་གྷུ་ཇུ་ར་ཏི་ནས་ཀྱང་ཁོང་གིས་དེ་སྔོན་བུ་མོ་གཉིས་ལ་བཙན་གཡེམ་བྱས་པའི་ཁྲིམས་གཏུགས་བྱུང་ནས་ད་ལྟའི་ཆར་ཁྲིམས་ཞིབ་བྱེད་མུས་ཡིན་འདུག

ཇཱོ་དྷི་པུར་གྲོང་ཁྱེར་ནས་ཨཱ་ས་རམ་བྷ་པུའི་སློབ་མ་རྣམས་ཀྱིས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བར་དོགས་ནས། རྒྱ་གར་གཞུང་གིས་ད་ལྟའི་ཆར་གྲོང་ཁྱེར་དེར་བདེ་འཇགས་ཉེན་སྲུང་ཚད་མཐོན་པོ་བྱེད་བཞིན་ཡོད་འདུག་པ་དང་། དེའི་རྒྱུ་མཚན་ནི། ན་ནིང་ལོར་གྷུར་མིཊ་རམ་རཱ་ཧིམ་ལ་བཙན་གཡེམ་དོན་རྐྱེན་བྱས་པའི་ཁྲིམས་གཅོད་བྱེད་དུས་ཁོང་གི་སློབ་མ་ཚོས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ནས་མི་༢༣ བསད་རྐྱེན་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།