སྟོང་བསམ་ལས་བྱུང་བའི་བརྩེ་བ།་་་་་་་་་་མུ་འགོད་རྩོམ་སྒྲུང་།
ཞིག་གནང་ཡོང་བསམ་པའི་ཐེ་ཚོམ་གྱི་དྲ་བའི་ནང་དུ་ལྷུང་། འདུ་འཛི་ཆེ་བའི་ཁྲོམ་ར་དང་ཚོང་ཁང་སོགས་སུ་འགྲོ་བའི་སྐབས་སུ། ངའོ་སྙམ་པའི་ལྟ་ན་སྡུག་པའི་གཞོན་ནུ་མ་རྣམས་དབྱར་གྱི་སྤང་གཞོང་ལ་ཤ་མོ་རྡོལ་བ་ལྟར་མཐོང་རྒྱུ་འདུག་ཀྱང༌། ངའི་གཟིགས་འཛིན་ཀྱི་ཡུལ་དུ་གཙུག་ལྡན་མ་འདྲ་བའི་སྒྲོལ་མ་ལྷ་མོ་ཁོ་ན་ལས་གཞན་སུ་ཡང་མི་སྣང༌། སྐབས་སྐབས་སུ་སེམས་པ་ཤོར་ཐག་ཆོད་པའི་དབང་གིས་མིག་འཁྲུལ་ནས་བུ་མོ་གཞན་པར་སྒྲོལ་མ་ལྷ་མོ་རུ་སྣང་སྟེ་བརྡ་སྤྲད་ཀྱིས་ལག་པ་ཡང་ཐེངས་མང་གཡུག་གཡུག་བྱས། སེམས་འཁྲུལ་ཟེར་བ་ནི་ཡུད་ཙམ་ཞིག་ལ་མེད་པར་གྱུར་འགྲོ་བས་སྒྲོལ་མ་མིན་པ་ཤེས་དུས་ངོ་ཚ་ནས་ལག་པ་ཡང་མར་བཞག་མ་ཤེས་པ་ལྟ་བུ་གྱུར་ཏེ། མགོ་ལ་བྱིལ་བྱིལ་བྱས་བའི་ཞོར་དུ་ཕར་འཁོར་ཚུར་འཁོར་གྱི་མི་ཞིག་ཚོལ་གྱིན་ཡོད་ཁུལ་གྱི་རྣམ་འགྱུར་ཡང་ཐེངས་ཤས་བསྟན་མྱོང།
ཨེ་མ། ལྐོག་གྱུར་གྱི་དུང་བ། གཟུགས་མེད་ཀྱི་བརྩེ་སེམས། གཞན་གྱི་མི་མཐོང་བའི་མེ་ཏོག། ངོ་མ། ཁྱོད་ནི་དེ་འདྲའི་ལྐོག་གྱུར་ཞིག་ལ་ཨང༌། ང་རང་ཁོ་ནའི་མཐོང་བའི་ལྟད་མོ། ང་རང་ཁོ་ནའི་མྱོང་བའི་ཚོར་བ། ཧ་ཅང་མཛེས་ལ་ཧ་ཅང་མཛེས། མཛེས་མར་སེམས་ཤོར་ཧ་ཅང་མཛེས། ཁྱོད་ནི་སྟོབས་ཤུགས་ཀྱང་ཤིན་ཏུ་ཆེ་ལ་ངས་ཟས་ཟ་བའི་སྐབས་སུ་སྒྲོལ་མའི་བཞིན་རས་ཕོར་པ་ནང་དུ་ཤར་ནས་འཛུམ་གྱིས་བསུ། ང་ལམ་དུ་ཞུགས་ན་སྒྲོལ་མའི་གཟུགས་བརྙན་མིག་མངོན་དུ་བསུས་ཏེ་གླེང་མོལ་བྱེད་བཞིན་འགྲོ། གྲོགས་པོའི་མཉམ་དུ་སྐད་ཆ་བཤད་ཀྱང་སྒྲོལ་མའི་གསུང་སྙན་དང་གཟུགས་བྱད་ཡོངས་སུ་རྫོགས་པ་མིག་མངོན་དང་ཡིད་ལ་བསུས་ནས་དེ་ཡི་སྐོར་ཁོ་ན་ལས་གཞན་བཤད་རྒྱུ་མེད་པར་གྱུར། ངའི་ལྐོག་གྱུར་ཡུལ་གྱི་མེ་ཏོག་དེས་བཀྲག་མདངས་ཅི་ཙམ་ཡོད་པ་དང༌། དྲི་ཞིམ་ཅི་ལྟར་ལྡན་པ་སོགས་མོ་ཡིས་མི་ཤེས་ལ་མོས་ཀྱང་བཟང་ངན་ཅི་དྲན་གྱི་ཡོད་མེད་ངས་ཀྱང་མ་རྟོགས། ངའི་ལྐོག་གྱུར་གྱི་གསང་བ་དེ་མོ་ལ་དངོས་སུ་སྟོན་ན་སྙམ་མོད། འོན་ཀྱང་མོ་དང་ཐུག་དུས་བཀྲ་ཤིས་བདེ་ལེགས། སྐུ་ཁམས་བཟང་ཞེས་འཚམས་འདྲི་བྱས་པ་དང་སྔར་ལྟར་གླེང་མོལ་བྱེད་པ་ལས་གཞན་གསང་བ་རྣམས་ནི་དབུགས་འགགས་ནས་ཕྱི་རོལ་དུ་ག་ལ་ཐོན།
མོ་ལ་གྱེས་བྲལ་བྱས་རྗེས་ང་ནི་བློ་ཁོག་མེད་མཁན་དེ་འདྲ་ལ་ཨང་སྙམ་ནས། ད་གིན་འགགས་པའི་དབུགས་དེ་རིང་པོ་ཞིག་བཏང་སྟེ་སོ་སོའི་སེམས་པར་གུ་ཡངས་རེ་བྱས། ཡང་སྙིང་སྟོབས་ཆེ་ཙམ་བྱས་ནས་ངས་མོ་ལ་བཅང་པའི་བརྩེ་དུང་གི་མེ་སྟག་དེ་ཆུང་དུ་མི་འགྲོ་བ་འཇུག་རྒྱུའི་རེ་འདོད་ཅིག་རང་བཞིན་དུ་དྲོད་ལྷམ་མེར་རྒྱས་བྱུང༌