བོད་པའི་སློབ་མ་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་ཡོད་འདུག

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་སུ། བོད་པའི་སློབ་མ་རྣམས་ཀྱི་སྤྱི་ཡོངས་རྒྱུགས་འཕྲོད་བརྒྱ་ཆ་སྔ་ལོ་དང་བསྡུར་ན་བརྒྱ་ཆ་༨.༦༤ འཕར་ཡོད་པ་དང་། སྔ་ལོ་ལྟར་བུ་ལས་བུ་མོས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་མཐོ་བ་བླངས་ཡོད་འདུག

དེ་ཡང་ཟླ་༥ ཚེས་༢༦ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པ་ལྟར། འདི་ལོའི་ཟླ་༣ པའི་ནང་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་མ་༡༡༩༣ འཛུལ་ཞུགས་བྱས་པའི་ཁོངས་ནས་སློབ་མ་༡༡༤༠ ཡིག་རྒྱུགས་འཕྲོད་ཡོད་པ་དང་། འདི་ལོའི་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ནི་༩༥.༥༦ ཡིན་ཞིང་།  སྔ་ལོ་དང་བསྡུར་ན་ད་ལོར་སྤྱི་ཡོངས་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་༨་༦༤ ཡིས་འཕར་ཡོད་འདུག

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བོད་པའི་སློབ་གྲྭའི་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༡༠༠ ནས་༡༠༠ ལེན་མཁན་སློབ་གྲྭ་ཁག་དྲུག་ཡོད་པ་ནི། སུ་ཇ་བོད་ཁྱིམ་དང་། གྷོ་པལ་པུར་བོད་ཁྱིམ། སྤོན་ཊ་སཾ་བྷོ་ཊ་གཏན་སློབ། རྡོ་རྗེ་གླིང་གཏན་སློབ། སྦེལ་ཀོབ་གཏན་སློབ། དོན་གྲུབ་གླིང་གཏན་སློབ་བཅས་ཡིན་འདུག

དེ་བཞིན་འདི་ལོར་བུ་མོའི་རྒྱུགས་འཕྲོད་བརྒྱ་ཆ་ནི་༩༧་༥༩ ཡིན་པ་དང་བུའི་རྒྱུགས་འཕྲོད་བརྒྱ་ཆ་ནི་༩༣་༣༥ ཡིན་པས། སྔ་ལོ་ལྟར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་སྔ་ལོ་ལྟར་འདི་ལོར་ཡང་བུ་ལས་བུ་མོས་བརྒྱ་ཆ་མཐོ་བ་བླངས་ཡོད་འདུག

ཕྱི་ལོ་༢༠༡༨ ལོའི་དགའ་ལྡན་ཕོ་བྲང་གི་བྱ་དགའ་ལེན་མཁན་སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་དང་པོར་སོན་མཁན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་མཁའ་མཆོག་དབང་མོས་བརྒྱ་ཆ་༩༢ དང་། ཨང་གཉིས་པ་སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་མ་ཟླ་བ་ལྷ་མོས་བརྒྱ་ཆ་༩༡་༠༨། ཨང་གསུམ་པ་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་མ་རྡོ་རྗེ་དབང་མོས་བརྒྱ་ཆ་ ༩༠ བླངས་ཡོད་འདུག 

ཚན་རིག་སྡེ་ཚན་ཁོངས་ནས་ཨང་དང་པོ། སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བརྩོན་འགྲུས་ཀྱིས་བརྒྱ་ཆ་༩༣ དང་། ཨང་གཉིས་པ་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་ལྷག་པ་བསོད་ནམས་དབང་མོས་བརྒྱ་ཆ་༩༡་༠༢། ཨང་གསུམ་པ་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་ཆི་ཀ་ཡ་མ་ས་ཀིས་བརྒྱ་ཆ་༨༨་༠༢ བླངས་ཡོད་འདུག

ཚོང་རིག་སྡེ་ཚན་གྱི་ཁོངས་ནས་ཨང་དང་པོ། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་སྟོབས་ལྡན་གྱིས་བརྒྱ་ཆ་༩༤་༠༢ དང་། ཨང་གཉིས་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཚེ་སྐྱིད་ཀྱིས་བརྒྱ་ཆ་༩༢། ཨང་གསུམ་པ་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཉི་མས་བརྒྱ་ཆ་༨༩།༠༢ བླངས་ཡོད་འདུག

འདི་ལོར་བརྒྱ་ཆ་༩༥ བརྒལ་ནས་སྲིད་སྐྱོང་གི་བྱ་དགའ་ལེན་མཁན་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།