སྟོང་བསམ་ལས་བྱུང་བའི་བརྩེ་བ།་་་་་་་་་་མུ་འགོད་རྩོམ་སྒྲུང་།
དུས་རྒྱུན་དུ་ཕྲུ་གུ་རྣམ་པ་མཛེས་པོ་ཞིག་མཐོང་བའི་སྐབས། ཕྲུ་གུ་དེ་སྐྱེས་འབྲས་མཚར་བ་ལ་ཨང་ཞེས་བསྔགས་བརྗོད་བྱེད་ཀྱིན་མི་འདུག་གམ། དེ་བས་གཞོན་ནུ་ཞིག་གིས་ངོས་ནས་བཤད་ན། མཛེས་མ་ལ་ཡིད་སྨོན་དང་གུས་བཀུར་བྱེད་པ་ནི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན་ལ་མཛེས་མ་ཞེས་པ་དེ་ང་ཚོ་གཞོན་ནུ་རྣམས་ཀྱི་འཚོ་བའི་ནང་དུ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། དེའང་མ་ཟད་མཛེས་མ་ཞེས་པ་ནི་དང་ཐོག་ནས་ལས་བཟང་པོའི་རྒྱུ་ལས་འབྲས་བུ་བཟང་པོ་ཞིག་སྐྱེས་དུས་ནས་རང་བཞིན་དུ་གྲུབ་པ་ཞིག་ཡིན་པ་སྨོས་མེད་རེད། བརྩེ་དུང་ཟེར་བ་ནི་ཕན་ཚུན་ཡིད་ཆེས་དངསྤྱོད་ལམ་སོགས་ལ་རག་ལས་པས། ངས་མོ་ལ་བསྐྱར་དུ་སེམས་གཏིང་གི་བརྩེ་བའི་ཚོར་བ་དེ། ཡིག་གཟུགས་མེ་ཏོག་ལ་སྒྱུར་ནས་དྭངས་གཙང་ཤོག་དཀར་གྱི་སྟེང་དུ། སྒྱུ་མའི་སྣ་ཚ་ཡིས་རེ་བའི་ཡི་གེ་ཐེངས་གཉིས་པ་དེ་འདི་ལྟར་ཕབ།
རིག་གནས་མེ་ཏོག་ཚལ་ལ་རོལ་བའི་ཡིད་འོང་གི་ཕྱེ་ལེབ་ཁྲ་མོ།།
དགོས་འདོད་ཀུན་འབྱུང་གི་ནོར་བུ་རྒྱན་པའི་སེམས་ཕྲེང་གི་སྨད་རྒྱས་མ།།
བདག་སེམས་ཡུལ་དུ་ལྐོག་ཏུ་བཞད་པའི་བརྩེ་བའི་མེ་ཏོག་ཆུན་པོ་འདི།།
དྲུག་འགྱུར་དབྱངས་ལ་བཀུགས་ཏེ་རྫོགས་ལྡན་ལྷ་མོའི་དྲུང་དུ་ཕུལ་བ་ལགས།།
བྲིས་པའི་ཡིག་ཆུང་སྦྲགས་མི་བརྒྱུད་ལ་བསྐུར།།
དངོས་སུ་བཤད་པའི་སྤོབས་པ་བདག་ལ་མེད།།
ཡིན་ཡང་སེམས་པའི་སྲབ་ཁ་མི་ཐུབ་པས།།
ཉིན་མཚན་མེད་པ་ཁྱོད་ཀྱི་ཕྱོགས་སུ་ཤོར།།
དབྱར་གྱི་རྔ་བོ་འདྲ་བའི་དབྱངས་ལྡན་མ།།
ཐོས་པ་ཙམ་གྱིས་རྨ་བྱའི་བདེ་བ་ཐོབ།།
ང་ཡི་སྙིང་གི་ཡིག་ཆུང་དང་པོ་དེ།།
ཕུལ་ནས་ཟླ་བ་གཉིས་ཙམ་ཕྱིན་ན་ཡང༌།།
ཡིག་ལན་ཡོང་ངོ་བསམ་སྟེ་རེ་བསྒུགས་བྱས།།
ད་བར་མེད་པ་བདག་སེམས་ཡེ་ནས་མུག།
ཕོ་ཉའི་བརྒྱུད་ལ་བསྐུར་བའི་ཡིག་ཆུང་འདི།།
སྒེག་མའི་སྙིང་གི་དཀྱིལ་དུ་མ་ཕོག་ཀྱང༌།།
མངར་སྐྱུར་མེད་པ་ལྐུགས་པས་ཆང་འཐུང་ལྟར།།
མི་བྱ་བ་དེ་བདག་གིས་རེ་བསྐུལ་ཡིན།།
བསམ་པ་ངན་པའི་ཡིག་ཆུང་བྲིས་བ་མིན།།
གནོད་པའི་སེམས་ཀྱིས་མདའ་མོ་འཕེན་བ་མིན།།
དགའ་བའི་མི་ལ་དགའ་བ་སྦྱིན་པ་ལ།།
དགེ་བ་མེད་ཀྱང་སྡིག་པ་ག་ལ་ཡོད།། ཅེས་གསུངས་པ་ལྟར།
དམར་ཆུང་སྙིང་གི་དཀྱིལ་ནས་བཞུར་བའི་གངས་ཆུ་དྭངས་མོ་འདྲ་བའི་དྲང་གཏམ་འདི། རྫོགས་ལྡན་ལྷ་མོའི་ཡིད་ཀྱི་ཞིང་ས་རུ་འབྲས་བུ་སྨན་པའི་གྲོགས་སུ་འོང་མིན་མ་རྟོགས་ཀྱང༌། ཤེས་རབ་རྣོ་མོའི་རལ་གྲི་ཡིས་བདག་གི་འཁྲུལ་སྣང་གི་ཡུལ་དུ་ཅུང་ཙམ་དཔྱད་ན་བུ་ཆུང་ངའི་རེ་འདོད་དེ་གཏོག་ཙམ་མཁྱེན་སྲིད། འོན་ཀྱང་གུས་པ་ཤེས་རྒྱ་ཆུང་བས་ཁྱེད་ཀྱི་ཐུགས་ལ་ཕོག་པའི་བརྗོད་བྱ་དང་ཚིག་ནོར་སོགས་ཅི་ཙམ་ཡོད་པ་ཐམས་ཅད་དགོངས་འགལ་མེད་པར་དྭངས་བ་ཞུ་ཞེས་བྲིས་ཏེ་ཕུལ།