ཀེམ་དང་ཊོམ་གཉིས་དངོས་སུ་ཐུག་འཕྲད་བྱས་པ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས། ལོ་གཅིག་རིང་ཕན་ཚུན་སྡིགས་ར་བསྐུལ་རེས་བྱས་རྗེས། ཐེངས་འདིར་དངོས་སུ་ཐུག་འཕྲད་བྱས་ཏེ། ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་བྱང་ཀོ་རི་ཡའི་འགོ་ཁྲིད་དང་ཐུག་པ་ཐེངས་དང་པོ་ཆགས་ཡོད་པ་དང་། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་འདོད་པ་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། རྡུལ་མཚོན་རྩ་མེད་གང་འདྲ་བཟོ་རྒྱུའི་གནད་དོན་ཐད་སྐད་ཆ་གསལ་པོ་བཟོས་མེད་པ་རེད།
ཟླ་༦ པའི་ཚེས་༡༢ ཉིན་སེང་གྷ་པུར་གྱི་མགྲོན་ཁང་ཞིག་ཏུ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་ཐུག་འཕྲད་བྱས་ཡོད་པ་དང་། སྐར་མ་༤༠ ལྷག་སྐད་ཆ་བཤད་རྗེས། ཕྱོགས་གཉིས་ཀྱི་སྐུ་ཚབ་རྣམས་མཉམ་ཞུགས་ཀྱིས་གྲོས་མོལ་བྱས་ཡོད་འདུག
རྗེས་སུ་འགོ་ཁྲིད་གཉིས་ཀྱིས་གྲོས་མཐུན་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་ནས། སྲིད་འཛིན་ཊོམ་གྱིས་ཐུག་འཕྲད་དེའི་གྲུབ་འབྲས་ཕྱོགས་གཉིས་ཀའི་ཡིད་ལ་འཐད་རྒྱུ་ཡིན་པ་དང་། ཁོང་གཉིས་བར་དམིགས་བསལ་གྱི་མཛའ་འབྲེལ་ཡོད་པ་དང་། ཀེམ་ཇོང་ཨན་ཨ་རིར་གདན་དྲངས་རྒྱུའི་འདོད་མོས་ཆེན་པོ་ཡོད་སྐོར་བརྗོད་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གྱིས་ཕྱོགས་གཉིས་ཀྱིས་འདས་པའི་གནས་ཚུལ་རྣམས་དྲན་པ་བརྗེད་རྒྱུར་མོས་མཐུན་བྱས་ཡོད་པ་དང་། འཛམ་གླིང་གི་མི་མང་ཚོས་འགྱུར་བ་ཆེན་པོ་མཐོང་རྒྱུ་ཡིན་སྐོར་བརྗོད་འདུག
ཁོང་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཡིག་ཆ་དེའི་ནང་། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་། ཨ་རིས་བྱང་ཀོ་རི་ཡར་བདེ་སྲུང་ཆ་རྐྱེན་སྤྲོད་རྒྱུའི་འགན་ལེན། བྱང་ཀོ་རི་ཡའི་ངོས་ནས་ཀོ་རི་ཡའི་མཚོ་གླིང་ཁུལ་དུ་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་ཆེད་མདུན་བསྐྱོད་བྱ་རྒྱུ་འཁོད་ཡོད་འདུག་ཀྱང་། ཡིག་ཆ་དེའི་ནང་ཨ་རིས་བྱང་ཀོ་རི་ཡས་རྡུལ་མཚོན་རྩ་མེད་གཏོང་བའི་དགོས་འདུན་སྐོར་གང་ཡང་འཁོད་མེད་ཁར། རྡུལ་མཚོན་རྩ་མེད་གང་འདྲ་བཟོ་རྒྱུའི་ཐད་གང་ཡང་གསལ་པོ་མེད་འདུག
གསར་འགོད་ལྷན་ཚོགས་སྐབས་ཊོམ་གྱིས་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་ཐད་ལས་ཀ་མྱུར་དུ་འགོ་འཛུགས་བྱ་རྒྱུ་ཡིན་སྐོར་ལན་འདེབས་བྱས་འདུག
རྒྱ་ནག་གིས་ཁོང་གཉིས་ཀྱི་ཐུག་འཕྲད་དེར་དགའ་བསུ་བྱས་ཏེ། གྲུབ་འབྲས་ཐོན་ཆེད་མུ་མཐུད་འབད་བརྩོན་བྱེད་པའི་རེ་བ་ཡོད་ཁར། རྒྱ་ནག་གིས་མུ་མཐུད་ནས་དོན་ཕན་ལྡན་པའི་རམ་འདེགས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
