རྒྱ་གར་གྱི་དམག་སྤྱི་ལ་རྒྱ་ནག་གིས་ཐོངས་མཆན་སྤྲད་མི་འདུག
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། སྤྱིར་སྐུ་ཞབས་བྷིའི་ཨེ་སི་ཇཱ་སི་ཝོལ་ལགས་གཞུང་དོན་ཆེད་དུ་རྒྱ་ནག་ཏུ་འགྲོ་བསྐྱོད་ཆོག་པའི་ཐོངས་མཆན་ལག་ཁྱེར་ཞུས་སྐབས་རྒྱ་ནག་གིས་ཀ་ཤི་སྨིར་ས་ཁུལ་དེ་ནི་རྒྱལ་ཁབ་གཉིས་བར་གྱི་ས་མཚམས་ཀྱི་དཀའ་རྙོག་ཡོད་པའི་ས་ཆར་ངོས་འཛིན་གྱིས་ལག་ཁྱེར་སྤྲད་མེད་པར་བརྟེན། རྒྱ་གར་གཞུང་གིས་གནད་དོན་དེར་ཁོང་ཁྲོ་བྱེད་ཀྱི་ཡོད་པ་མ་ཟད། རིང་མིན་རྒྱ་ནག་གི་རྒྱལ་སྲུང་མི་སྣ་གཉིས་རྒྱ་གར་གྱི་རྒྱལ་སྲུང་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པར་ཡོང་འཆར་ཡོད་པ་དེར་ཆོག་མཆན་མ་སྤྲད་པ་དང། དེ་བཞིན་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་རྒྱ་ནག་ཏུ་བསྐྱོད་འཆར་ཡོད་པ་དེའང་ཕྱིར་འཐེན་བྱས་ཡོད་པ་རེད།
རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཀྲང་ཡང་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་སུ་སྐོང་འགུག་གིས། རྒྱ་ནག་དང་འབྲེལ་མཐུད་བྱེད་མཁན་དྲུང་ཆེ་རྒྱ་གར་གྱི་སྐུ་ཞབས་གྷོའུ་ཏམ་ལགས་ཀྱིས་གནད་དོན་དེའི་ཐད་ཡིག་ཐོག་ཏུ་བསམ་ཆར་ཞིག་སྤྲད་པ་མ་ཟད། དེའི་སྐོར་ལ་བགྲོ་གླེང་ཡང་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་དེ་སྔོན་ཀ་ཤི་སྨིར་ཁུལ་གྱི་རྒྱ་གར་བ་རྣམས་ལ་རྒྱ་གར་བ་གཞན་རྣམས་དང་མི་འདྲ་བའི་ཐོངས་མཆན་སྤྲད་ཡོད་པ་དང། རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་མཐུན་མི་ཁག་ཅིག་ལ་རྒྱ་ནག་ཏུ་ཡོང་བའི་ཐོངས་མཆན་དགོས་ཀྱི་མེད་ལུགས་ཀྱང་བརྗོད་ཡོད་འདུག ད་རེས་ཀྱི་གནད་དོན་འདིའི་ཐོག་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཨན་ཊོ་ནཱི་ཡིས་ད་རིང་གི་གནད་དོན་འདིའི་རྐྱེན་གྱི་ཕྱོགས་གཉིས་ཀྱི་རྒྱལ་སྲུང་གི་འབྲེལ་བ་བཅད་པའི་ངོས་ལེན་མ་བྱས་པ་མ་ཟད། ཀོང་རེ་སི་ཆབ་སྲིད་ཚོགས་པས་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ཡིད་ཆེས་གཞི་རྩའི་ཐོག་ནས་སྤེལ་དགོས་པ་དང། མ་གཞི་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ངོས་འོས་འཚམ་གྱི་བརྡ་ལན་ཞིག་སྤྲོད་ཀྱི་རེད་ཅེས་བརྗོད་འདུག །
{jcomments on}