གྲུ་གཟིངས་མཚོ་ནང་ནུབ་ནས་མི་༡༨༠ ལྷག་བོར་བརླག་ཤོར་འདུག

ཟླ་འདིའི་ཕྱི་ཚེས་༢༠ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་ཉིན་ཕྱི་ཚེས་༡༨ ཉིན་ཨིན་ཌོ་ནི་ཤི་ཡའི་མཚོ་ཏུ་བྷ་ཞེས་པའི་ནང་། གྲུ་གཟིངས་ཤིག་ལ་གྲུ་ལོག་ཤོར་ནས་མཚོའི་ནང་ནུབ་སྟེ། མི་༡༨༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག་ཀྱང་། མི་༡༨ ཀྱི་སྲོག་སྐྱོབ་ཐུབ་པ་བྱུང་ཡོད་འདུག

གྲུ་ལོག་ཤོར་བའི་ཉིན་མོ་དེར་གནམ་གཤིས་ངན་པ་བསྟན་ཡོད་འདུག་པ་མ་ཟད། གྲུ་གཟིངས་དེས་འགྲིམ་འགྲུལ་བ་མང་ཉུང་ཇི་ཙམ་ཁྱེར་ཆོག་མིན་གྱི་ཚད་གཞི་ལས་ལྡབ་གསུམ་གྱིས་མང་བ་ཁྱེར་ཡོད་འདུག་པ་དང་། གྲུ་གཟིངས་མཚོ་ནང་ནུབ་པའི་དུས་ཚོད་དེ་ནི་ས་གནས་དེར་ཁ་ཆེའི་ཆོས་ལུགས་ཀྱི་དུས་ཆེན་(Eid holiday) ཞེས་པ་དེ་སྲུང་བརྩི་ཞུ་ཆེད་མི་མང་ཧ་ཅང་མང་པོ་འཛོམས་པ་དང་སྐབས་ཁེལ་བ་ཞིག་ཡིན་འདུག

ཨིན་ཌོ་ནི་ཤི་ཡའི་རྒྱལ་ཡོངས་འཚོལ་བཤེར་དང་སྲུང་སྐྱོབ་རུ་ཁག་གིས་གྲུ་གཟིངས་བརྡིབ་སྐྱོན་གྱི་དོན་རྐྱེན་བྱུང་རྗེས་སུ། མི་༡༨ མ་ཤི་གསོན་གནས་བྱུང་བ་ལག་སོན་བྱུང་སྐོར་བརྗོད་ཡོད་འདུག་པ་དང་། ད་ལྟ་ཡང་འཚོལ་བཤེར་བྱེད་མུས་ཡིན་འདུག་པ་མ་ཟད། འཚོལ་བཤེར་རུ་ཁག་རྣམས་ཐེངས་རེར་འཁོར་བ་དང་བོར་བརླག་ཏུ་སོང་བའི་ཤུལ་ལུས་ནང་མི་སྤུན་མཆེད་ཀྱིས་གཙོས་པའི་ཡུལ་མི་རྣམས་ཀྱིས་གནས་ཚུལ་གསར་པ་རེ་གོ་རྒྱུར་ངང་སྒུག་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་མི་༡༨༠ ལྷག་བོར་བརླག་སོང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། གྲུ་གཟིངས་ནང་འཛུལ་མཁན་རྣམས་ལ་འཛིན་བྱང་བཙོང་མེད་སྟབས། གྲུ་གཟིངས་ནང་མི་སུ་དང་སུ་ཞུགས་ཡོད་མེད་དང་། ཁ་གྲངས་ག་ཚོད་ཡོད་མེད་བཅས་ཏན་ཏན་ད་ལྟ་གསལ་པོ་ཆགས་ཐུབ་མེད་འདུག

ཨིན་ཌོ་ནི་ཤི་ཡའི་མཚོ་ཏུ་བྷ་ཞེས་པ་དེ་ནི་འཛམ་གླིང་ནས་རྡོ་ཞུན་ཤུགས་ཆེ་ཤོས་འཕྱུར་ས་ཞིག་ཡིན་འདུག་པ་དང་། མ་གཞི་ཡུལ་དེར་གྲུ་ལོག་ཤོར་བ་སོགས་ཀྱི་རྐྱེན་ངན་ཕལ་མོ་ཆེའི་འབྱུང་རྩའི་བརྒྱ་ཆ་༤༠ ནི་གྲུ་ནག་འཛུལ་མཁན་གྱི་མི་ཚོས་ནོར་འཁྲུལ་ཤོར་བ་ལས་འབྱུང་གི་ཡོད་པ་དང་། བརྒྱ་ཆ་༡༢ ནི་གནམ་གཤིས་མི་ལེགས་པ་ལ་བརྟེན་ནས་འབྱུང་གི་ཡོད་སྐོར་ཨིན་ཌོ་ནི་ཤི་ཡའི་རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཚོགས་ཆུང་གིས་བརྗོད་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།