ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མིན་སྐོར་ལ་གླེང་སློང།
བསམ་ཚུལ་དེ་ལ་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམས་ཀྱིས་བསམ་ཚུལ་དང་གསལ་བཤད་བྱེད་འདོད་བྱས་ཡོད་པར་གོ་སྐབས་མ་ཐོབ་པའི་གནས་ཚུལ་བྱུང་བ་དང། དེ་བཞིན་སྐབས་དེར་ས་གནས་མི་འབོར་ལ་གཞིག་པའི་སྤྱི་འཐུས་འདེམས་དགོས་པའི་སྐོར་ཀྱི་བསམ་འཆར་བྱུང་བ་བཅས་ཀྱི་རྐྱེན་པས་མི་མང་ནང་གླེང་སློང་མང་པོ་བྱུང་ཡོད་པ་རེད།
གནས་ཚུལ་འདིའི་ཐོག་ལ་ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་། དེ་བཞིན་སྤྱི་འཐུས་ཁག་ཅིག་ལ་བཅར་འདྲི་བྱས་པ་ཡིན། ༡ དགེ་ལུགས་སྤྱི་འཐུས་བེ་རུ་འཇིགས་མེད་དབང་རྒྱལ་ལགས་ཀྱིས། “ཚོགས་ཆུང་ཁ་པའི་ནང་གི་དགོངས་འཆར་ཅིག་གི་ནང་ལ་ཆོས་ལུགས་སྤྱི་འཐུས་རེ་རེ་བཟོ་དགོས་ཀྱི་འདུག་ཟེར་བ་དང་། མི་གཅིག་གིས་འོས་གཉིས་བླུག་པ་དྲང་པོ་མི་འདུག་ཟེར་བ་དེ་རེད། བསམ་ཚུལ་དེ་སྔོན་མ་ནས་ཁ་ཤས་ཀྱིས་བཤད་ཀྱི་ཡོད་རེད། ངས་བལྟས་ན་དགོངས་འཆར་དེ་ཁག་ཅིག་གིས་བསམ་པ་རྣམ་དག་གིས་རེད། ཁག་ཅིག་གི་རྒྱབ་ལོག་ལ་གནས་ཚུལ་གཞན་དག་ཅིག་གིས་ཆེད་དུ་སྤེལ་གྱི་ཡོད་རེད། གང་ལྟར་ངའི་བསམ་ཚུལ་ལ་ད་ལྟའི་སྤྱི་ཚོགས་འདི་ནང་བཞིན་བྱས་ནས་སོང་ན་དགེ་མཚན་ཆེ་ཡི་རེད། ད་ལྟ་ང་ཚོའི་ཆོལ་ཁ་དང་ཆོས་ལུགས་ཀྱི་སྒྲོམ་གཞི་མ་ཞིག་པ་ཞིག་བྱེད་དགོས་ཀྱི་ཡོད་ན། ལམ་ཁ་འདི་ལས་དྲག་ཞིག་རག་གི་མ་རེད། ༧གོང་ས་སྐྱབས་མགོན་ཆེན་པོས་རྩ་ཁྲིམས་འདིའི་ཐོག་ལ་དམ་སྦྲུག་བརྒྱབ། ཞལ་བཞེས་ཀྱིས་ཐག་གཅོད་གཏན་འབེབས་གནང་ཚར་པ་རེད། རྩ་ཁྲིམས་ཡང་དག་པ་རེད་དྲན་ཡོད། འོན་ཀྱང་ནམ་ཞིག་ང་ཚོའི་བསམ་བློའི་རྣམ་དཔྱོད་ཆེ་རུ་སོང་ནས་ཆོས་ལུགས་ཀྱི་དབང་སྒྱུར་བྱེད་པའི་བག་ཆགས་དེ་ཟད་ནས། ཁྲིམས་ལུགས་ཀྱིས་དབང་བསྒྱུར་བྱེད་པའི་བསམ་བློའི་རྣམ་དཔྱོད་སླེབས་པའི་སྐབས་ང་ཚོས་ལམ་ཁ་གསར་པ་དང་། སྒྲིག་གཞི་གསར་པ་ཞིག་གི་ཐོག་འགྲོ་ན་ཏག་ཏག་ཡིན་རྒྱུ་རེད་མ་གཏོགས། ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་གང་གི་ཐོག་ཏུ་ཡོད་པ་དེ་ཧ་གོ་མཁན་ཞིག་གིས་འདི་བསད་ཀྱི་མ་རེད་ལ། བཤད་ནའང་ཁག་པོ་རེད་དྲན་གྱི་འདུག་”ཅེས་འགྲེལ་བརྗོད་གནང་སོང་།
༢ རྣམ་གླིང་དགོན་པའི་སྐུ་ཚབ་ཨོ་རྒྱན་ལགས་ཀྱིས། “ཆོས་བརྒྱུད་ཁག་གི་སྐུ་ཚབ་ཐམས་ཅད་ཀྱིས་ངོས་ལེན་རྩ་བ་ནས་ཞུ་ཐུབ་པ་མི་འདུག གནས་ཚུལ་དེ་མི་གཅིག་གི་བསམ་ཤོག་ཡར་ཁྱེར་ཡོང་བ་རེད་མ་གཏོགས་དེ་ཚོགས་ཆུང་གི་ངོས་ནས་བསམ་ཚུལ་རེད་མི་འདུག་ལ། དེ་ཡང་དགག་བྱ་དང་བསམ་ཚུལ་བཤད་རྒྱུའི་གོ་སྐབས་མེད་པ་བྱས་ནས་ཚོགས་གཙོས་ཀྱང་གཙོ་སྐྱོང་ཡག་པོ་བྱས་མ་སོང་། དེར་ང་ཚོ་བློ་ཕམ་ཡོད། མདོར་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་ཞེས་པའི་གཞི་རྩ་དེ་བསྟན་པ་ཆབ་སྲིད་ལ་ཐིག་གི་ཡོད་པ་རེད། དེ་མེད་པ་བྱས་ན་བོད་ནང་ལ་ཆོས་ལུགས་ལ་ཐོབ་ཐང་དང་རང་དབང་མི་འདུག་བཤད་པ་དེ་ལ་ང་ཚོས་ཁ་གཏད་གཅོག་ཁག་པོ་ཆགས་ཡོད་རེད་བསམ་གྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང།
༣ གཡུང་དྲུང་བོན་གྱི་སྐུ་ཚབ་དགེ་འདུན་པ་ཉི་མ་གྲགས་པ་ལགས་ཀྱིས། “ང་ཚོར་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཆོལ་ཁ་ཆོས་ལུགས་རིས་སུ་མ་ཆད་པའི་སྒོ་ནས་གྲོས་ཚོགས་ཤིག་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་དགོངས་པ་ཆེར་བཞེས་ཀྱིས་ཆོས་ལུགས་ཁག་ལ་སྤྱི་འཐུས་ཀྱི་གོ་སྐབས་དང་། ཐོབ་ཐང་གནང་བཞག་པ་དེ་ལས་སླ་པོ་བྱས་ནས། མི་གཅིག་གཉིས་ཤིག་གི་བསམ་འཆར་སླེབས་པ་དང་ཧ་གོ་མ་གོ་བའི་ཐོག་ནས་མང་ཚོགས་ནས་ལག་པ་བཀྱག་ནས་ཐག་གཅོད་ཅིག་བྱེད་པ་ཏག་ཏག་བསྡད་ཨེ་ཡོད་བསམ་གྱི་འདུག གཉིས་ནས་ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ཚོར་འོས་ཀྱི་ཐོབ་ཐང་ཡོད་མེད་ཀྱི་སྐད་ཆ་མ་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གཉིས་ཀྱི་ནང་ནས་ཆོས་རེད། ང་ཚོ་བོད་པའི་སྤྱི་ཚོགས་དེ་གཙོ་བོ་ང་ཚོ་ཆོས་སྲིད་ཟུང་འབྲེལ་རེད། དེའི་ངོ་བོ་མཚོན་པ་ལ་ཆོས་བརྒྱུད་སྤྱི་འཐུས་དགོས་པ་དེ་རེད། ཁ་རྩང་གི་བསམ་ཚུལ་དེ་ཡང་ཚོགས་ཆུང་ཞིག་གི་བསམ་ཚུལ་ཞིག་མ་རེད། མི་གཅིག་གི་བསམ་ཚུལ་ཙམ་རེད། རྡོག་རྡོག་ཁོ་ཚོས་དགེ་འདུན་པ་ཚོས་འོས་གཉིས་བླུག་གི་ཡོད་པ་རེད། དེ་འགྲིག་གི་མ་རེད་ཟེར་གྱི་ཡོད་པ་རེད། ང་ཚོས་དེ་ཐོབ་ཐང་ཞིག་དང་འོས་ཤོག་ཤིག་གི་གནད་འགག་མ་རེད། དེ་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་གྱི་གནད་དོན་ཞིག་རེད། སྐབས་དེར་ང་ཚོས་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཚོས་གསལ་བཤད་ཞུ་རྒྱུའི་གོ་སྐབས་ཞུས་པ་རེད་དེ་གོ་སྐབས་རག་ཡོད་པ་མ་རེད་”ཅེས་གསུངས་སོང།
༤ བཀའ་བརྒྱུད་པའི་སྐུ་ཚབ་དཀོན་མཆོག་སྨོན་ལམ་ལགས་ཀྱིས། “ང་ཚོས་ནམ་རྒྱུན་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་གྲུབ་པ་དེ་མང་ཚོའི་ཁྱད་ཆོས་ལ་བཤད་བསྡད་ཡོད་རེད། འདས་པའི་ནང་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་བྱུང་མྱོང་བ་རེད། ད་ཐེངས་མི་རེ་ཟུང་གི་བསམ་ཚུལ་ལ་སླེབས་པ་དེ། ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་མཁན་གྱིས་གོ་སྐབས་འདྲ་བོ་བཟུང་ནས་བྱུང་བ་མིན་ནམ་བསམ་སོང་། གཞན་པ་ཆོས་ལུགས་ཀྱི་སྤྱི་འཐུས་ཚོ་ཆོས་ལུགས་ཆོལ་ཁའི་ནང་ཕར་ཚུར་ཡོང་གི་འདུག་པས། མི་མང་གི་བསམ་ཚུལ་འདྲ་མི་འདྲ་རེད། མདོ་དོན་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་དེ་འདྲ་རེད། མི་ཁ་ཤས་ཀྱིས་གནས་ཚུལ་དེ་ནས་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་བསམ་པ་ཡིན་རྒྱུ་རེད་དེ། ད་ཐེངས་ལག་པ་བཀྱག་སྟངས་ལ་བལྟས་ན་རི་བོང་ཅར་འགྲོག་གི་ཚུལ་དུ་བྱས་ནས་ལག་པ་བཀྱག་པ་མ་གཏོགས། གནས་ཚུལ་ཧ་གོ། དོན་རྟོགས་ནས་ཡིན་པ་ངས་ངོས་འཛིན་བྱེད་ཀྱི་མེད་”ཅེས་གསུངས་སོང།
དྲི་བ། ད་ཐེངས་ཚོགས་ཆུང་ཁག་གི་བསམ་འཆར་ཕྱོགས་བསྡོམས་གཏན་འབེབས་བྱེད་པའི་སྐབས་ཆོས་བརྒྱུད་ཀྱི་སྤྱི་འཐུས་མི་དགོས་པའི་བསམ་ཚུལ་དང་། མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་ལས་ལྷག་མི་དགོས་པའི་སྒྲིག་གཞི་བཟོ་དགོས་པའི་བསམ་ཚུལ་དང་། དེ་བཞིན་ས་གནས་མི་འབོར་ལ་གཞིག་པའི་བསམ་ཚུལ་སོགས་བྱུང་པར་ཁྱེད་རང་གིས་དགོངས་ཚུལ་དང་རྒྱབ་སྐྱོར་བྱེད་དོན་གང་ཡིན་སྐོར་དྲིས་པ་ཡིན།
༢ སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། “ད་ལྟ་དེ་བསམ་འཆར་རེད་མ་གཏོགས། གནད་དོན་དེ་སྤྱི་འཐུས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་བྱེད་དགོས་རེད་མ་གཏོགས་འགྲོ་རྒྱུ་ཡོད་པ་མ་རེད། ངས་དམིགས་བསལ་རྒྱབ་སྐྱོར་བྱས་པ་མེད།” ཅེས་དང་། “ང་བར་ཞུགས་བྱས་པ་ཡིན། རིམ་པས་རིམ་པས་འགྱུར་བ་ཞིག་འགྲོ་ན་མ་གཏོགས་ད་ལྟའི་ཆ་ལ་འདི་རང་གནས་ཀྱི་རེད་བསམ་གྱི་ཡོད། ད་ལྟ་ང་ཚོའི་གོམས་གཤིས་རེད། སྲོལ་རྒྱུན་གྱི་ཆ་ནས་གྲྭ་པ་བླ་མ་ལ་འོས་མང་པོ་ཞིག་ཡོད་རེད། དེ་མ་བསྡད་ན་ཡང་མ་འགྲིག་པ། ད་ལྟ་ཁག་པོ་ཞིག་རེད། མང་གཙོ་རང་གི་ཐོག་ནས་བསམ་བློ་བཏང་ན་མི་གཅིག་ལ་འོས་གཅིག་མ་གཏོགས་གཞན་ཁྱད་མཚར་ཞིག་འདུག” ཅེས་དང་། ཡང་ཁོང་གིས། “ཆོལ་ཁའི་འོས་བླུག་སྟངས་ཡང་དེ་རང་རེད། ང་ཚོས་ངོས་ནས་བྱེད་དགོས་རྒྱུ་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཨ། མང་གཙོ་རང་གི་བསམ་བློ་བཏང་བ་ཡིན་ན་མི་འབོར་ལ་ལྟོས་པའི་མི་དགོས་ཀྱི་འདུག ད་ང་ཚོ་མདོ་སྟོད་མི་ཉུང་བ་དང་། མདོ་སྨད་མི་ཉུང་བ་ཡོད་རེད་དེ། དབུས་གཙང་དང་གཅིག་པ་གཅིག་པ་འགྲོ་ཡི་ཡོད་རེད། དེ་ལ་ཡང་རྒྱུ་མཚན་ཞིག་འདུག་ཨ། ད་ལྟའི་བཙན་བྱོལ་གྱི་གཞུང་འདི་མ་འོངས་པའི་བོད་གཞུང་གི་ངོ་བོ་མཚོན་ནས་བསྡད་ཡོད་རེད། མ་འོངས་པ་ང་ཚོས་ག་རེ་བྱེད་དགོས་ཡོད་མེད་ཀྱི་ངོ་བོ་དེ་ད་ལྟ་འཛིན་དགོས་ཡོད་ན་དེ་ག་རང་གནས་རྒྱུ་རེད། དེ་མིན་ང་ཚོ་བཙན་བྱོལ་གཞུང་གི་འཕྲལ་སེལ་གྱི་བཙན་བྱོལ་གཞུང་གི་བསམ་བློ་བཏང་ན་མི་འབོར་གྱི་ཐོག་ནས་སོང་ན་ཡག་པོ་འདུག ངས་ཏག་ཏག་དཀར་པོ་ནག་པོ་ཞིག་ལབ་ཐུབ་པ་མི་འདུག་”ཅེས་གསུངས་སོང།
༢ སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས། “ས་གནས་མི་འབོར་ལ་གཞིགས་པའི་སྤྱི་འཐུས་སྐོར་ལ་ད་ལྟའི་ཆོལ་ཁ་ཆོས་ལུགས་ཀྱི་ཐོག་ཏུ་ས་གནས་མི་འབོར་ལ་གཞིག་པའི་སྤྱི་འཐུས་དགོས་ཟེར་ན་ལྷག་མ་རེད་བསམ་གྱི་ཡོད། དེ་ལས་ཕྱི་རྒྱལ་ཁག་ནས་སྤྱི་འཐུས་ཁ་སྣོན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། གཞན་པ་མི་གཅིག་གིས་ཆོལ་ཁ་ལས་ཆོས་བརྒྱུད་ལ་འོས་བླུག་རྒྱུའི་ཐོབ་ཐང་མེད་པ། ཡང་དགེ་འདུན་པ་ཚོར་ཆོལ་ཁ་དང་ཆོས་བརྒྱུད་གཉིས་ཆ་ཡོད་པ། འདིའི་སྐོར་མི་ཚང་མར་ཆོལ་ཁ་དང་ཆོས་ལུགས་གཉིས་ཆར་བླུགས་རྒྱུ་དང་། དེ་བཞིན་ཆོས་ལུགས་སྤྱི་འཐུས་ནང་སླེབ་མཁན་དེ་ཡང་སེར་མོ་ཡིན་དགོས་མ་རེད། མི་སྐྱ་ཡང་ཡོང་ཆོག་གི་རེད། དེའི་ཐོབ་ཐང་ཚང་མར་དགོས་པ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།
དྲི་བ། ད་ཐེངས་ཚོགས་ཆུང་ཁག་གི་བསམ་འཆར་ཕྱོགས་བསྡོམས་གཏན་འབེབ་བྱེད་པའི་སྐབས་ཁྱེད་རང་གིས་ཚོགས་ཆུང་ནང་སྤྱི་མོས་དང་མང་མོས་མ་བྱུང་བའི་བསམ་ཚུལ་སྒྲོགས་སྦྱང་བྱས་ཡོད་པ་དང་། དེ་བཞིན་ཆོས་བརྒྱུད་རེར་སྤྱི་འཐུས་གཅིག་ལས་མི་དགོས་པའི་བསམ་ཚུལ་དང་། མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་ལས་ལྷག་མི་དགོས་པའི་སྒྲིག་གཞི་བཟོ་དགོས་པའི་བསམ་ཚུལ་དང་། དེ་བཞིན་ས་གནས་མི་འབོར་ལ་གཞིག་པའི་འོས་བླུག་དགོས་པའི་བསམ་ཚུལ་སོགས་བྱུང་བར་མི་མང་ནང་གླེང་སློང་ཆེན་པོ་བྱེད་ཀྱི་འདུག་པས་དེའི་སྐོར་དགོངས་ཚུལ་གང་ཡོད། ༡ སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས། “དེ་ངས་སྙན་ཐོ་སྙན་གསན་ཞུས་པའི་སྐབས་ལ་གསལ་བཤད་བྱས་ཡོད། ང་ཚོའི་ཚོགས་ཆུང་གི་སྙན་ཐོ་དེ་ཐ་མ་མ་རེད། དེ་རྗེས་སྙན་ཐོ་ཚང་མ་ཕྱོགས་བསྒྲིགས་བྱེད་ཀྱི་ཡོད་རེད། ང་ཚོའི་ཚོགས་ཆུང་ནང་ལ་རྒྱབ་སྐྱོར་ཉུང་བ་ཡོད་ཀྱང་གཞན་ནས་གནས་ཚུལ་འདིའི་ཐོག་རྒྱབ་སྐྱོར་ཆེན་པོ་ཡོང་མི་སྲིད་པ་མ་རེད། དེ་ཡིན་པས། མང་བ་ཡོད་ན་རེད། ཉུང་བ་ཡོད་ན་རེད། གང་ལྟར་སྤྱི་མོས་མང་མོས། དགག་བྱ་དང་རྒྱབ་སྐྱོར་འདི་འདྲ་འདུག་ཅེས་ངས་གསལ་བཤད་བྱས་ཡོད། དེ་ནས་མི་གཅིག་ལ་འོས་གཅིག་ཟེར་བ་དེ་རེད། དེ་ཚོགས་ཆུང་ནང་དགོངས་འཆར་བྱུང་བ་བཞིན་སྙན་ཐོའི་ནང་སླེབས་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་ཚོགས་ཆུང་གི་ཚོགས་གཙོས་འགྲེལ་བཤད་རྒྱོབ་གསུངས་པ་ཡིན་པས་ངས་འགྲེལ་བཤད་བརྒྱབ་པ་རེད། ངས་འགྲེལ་བཤད་བརྒྱབ་པ་དེ་ལོ་རྒྱུས་དང་བཅས་ཞུ་ཡི་ཡིན། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབ་གནང་བའི་སྐབས་ལ་སྤྱི་འཐུས་གཅིག་གིས་མི་གཅིག་ལ་འོས་གཅིག་འདི་མང་གཙོའི་ལྟ་གྲུབ་དང་མཐུན་པ་རེད། དེ་འདྲ་ཡིན་པས་ང་ཚོས་ཀྱང་མང་གཙོའི་ལྟ་གྲུབ་དང་མཐུན་པ་ཞིག་བཟོ་དགོས་ཀྱི་འདུག་གསུངས་པ་རེད། དེ་དུས་གྲོས་འཆར་དེ་ངས་བཀག་པ་ཡིན། ཅེས་སྐབས་དེའི་གནས་ཚུལ་འགྲེལ་བརྗོད་དང་བཅས་མུ་མཐུད་གསུང་དོན། ངས་གྲྭ་པ་ཚོར་འོས་བཅུ་གཉིས་བླུག་རྒྱུ་ཡོད་པ་དེ་མེད་པ་བཟོ་འདོད་ཡོད་མ་རེད། མུ་མཐུད་ནས་འཇོག་དགོས་ཡོད། འཇོག་ན་འཇོག་སྟངས་རེད། རྒྱུ་མཚན་བཤད་ནས་འགྲོ་དགོས་རེད། ངའི་རྒྱུ་མཚན་འདི་རེད། མི་གཅིག་གིས་འོས་༡༢ བླུག་གི་ཡོད་རེད། གཅིག་གིས་༡༠ དང་། གཅིག་གིས་༢ དང་། གཅིག་གིས་༡ བླུག་གི་ཡོད་རེད། དེར་བརྟེན་ད་ཐེངས་ཁ་ཤས་ཀྱིས་གསལ་པོ་མ་ཤེས་ནས་དེ་བྱས་པ་རེད་བཤད་ཀྱི་འདུག དོན་ངོ་མ་ངས་གྲྭ་པ་ཚོས་འོས་ཤོག་༡༢ བླུག་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་གཏོགས་བཀག་གི་ཡོད་མ་རེད་”ཅེས་གསུངས་སོང་།མེ་སོར་གསར་འགོད་པས།{jcomments on}
