ཕྱོགས་འགལ་ཚོགས་པ་གཙོ་བོ་མེད་པའི་ཐོག་ནས་འོས་བསྡུའི་རྒྱལ་ཁ་ཐོབ་འདུག
ཨེ་ཤི་ཡའི་རྒྱལ་ཁབ་ཀམ་བྷོ་ཌི་ཡའི་གཞུང་འཛིན་སྲིད་དོན་ཚོགས་པར། འོས་བསྡུའི་རྒྱལ་ཁ་ཧེ་བག་ཆེན་པོའི་ཐོག་ཐོབ་འདུག་ཀྱང་། འོས་བསྡུའི་སྔོན་ནས་ཕྱོགས་འགལ་ཚོགས་པ་གཙོ་བོ་དེ་རྩ་མེད་བཏང་ཟིན་པས། འོས་བསྡུ་དེར་དྲང་བདེན་མིན་པའི་སྐྱོན་བརྗོད་བྱེད་བཞིན་འདུག
ཟླ་༧ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༧ པའི་ཚེས་༢༩ ཉིན་ཀམ་བྷོ་ཌི་ཡའི་ནང་དུ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་འདུག་པ་དང་། དེར་མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༨༢.༧༡ བྱུང་ནས་འོས་བསྡུའི་གྲུབ་དོན་དུ་ཕྱི་ལོ་༡༩༨༥ ནས་རྒྱལ་ཁབ་དེའི་སྲིད་དབང་འཛིན་མཁན་སྲིད་བློན་ཧུན་སེན་གྱི་ཀམ་བྷོ་ཌི་ཡའི་མི་མང་ཚོགས་པར་འོས་གྲངས་༨༠ ཐོབ་ནས་ཧེ་བག་ཆེན་པོའི་ཐོག་ནས་རྒྱལ་ཁ་ཐོབ་སྟེ། གྲོས་ཚོགས་ནང་གི་རྐུབ་སྟེགས་༡༢༥ ནས་ཉུང་མཐར་༡༠༠ ཐོབ་ཡོད་པ་རེད་འདུག
ཐེངས་འདིའི་འོས་བསྡུའི་ནང་སྐབས་སྔོན་མའི་འོས་བསྡུའི་སྐབས། ཧེ་བག་ཆུང་ཆུང་ཐོག་འོས་བསྡུ་ཤོར་མཁན་ཕྱོགས་འགལ་སྲིད་དོན་ཚོགས་པ་གཙོ་བོ་ཀམ་བྷོ་ཌི་ཡ་ཉེན་སྐྱོབ་ཚོགས་པ་འགྲན་ཞུགས་བྱས་ཐུབ་མེད་པ་དང་། དེ་ཡང་ཕྱི་ལོ་༢༠༡༣ ལོའི་འོས་བསྡུའི་རྗེས་སུ་ཕྱོགས་འགལ་ཚོགས་པས་འོས་བསྡུའི་གྲུབ་དོན་ལ་ངོས་ལེན་མེད་པའི་ངོ་རྒོལ་ཁྱབ་ཆེན་ཞིག་སྤེལ་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༧ ལོར་ས་གནས་ཁག་གི་འོས་བསྡུའི་སྐབས་སྲིད་དོན་ཚོགས་པ་དེར་རྒྱབ་སྐྱོར་བརྒྱ་ཆ་༤༠ ཙམ་ཐོབ་འདུག དེའི་རྗེས་སུ་ཚོགས་པ་དེའི་འགོ་ཁྲིད་ལ་རྒྱལ་ཁབ་ལ་རྒྱབ་གཏོད་ཀྱི་ཉེས་འཛུགས་བྱས་ཏེ་བཙོན་འཇུག་བྱས་ཡོད་འདུག་པ་དང་། འགོ་ཁྲིད་རྒན་གྲས་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་ཕྱིན་འདུག དེ་བཞིན་ཕྱི་ལོ་༢༠༡༧ ལོའི་ཟླ་༡༡ ནང་གཞུང་འཛིན་ཚོགས་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། ཕྱོགས་འགལ་ཚོགས་པ་དེས་ཨ་རི་དང་ངན་འབྲེལ་བྱས་ཏེ། གཞུང་སྲིད་མགོ་རྟིང་སློག་ཐབས་བྱེད་ཀྱི་ཡོད་པའི་ཞུ་གཏུག་བྱེད་སྐབས། ཁྲིམས་ཞིབ་ཁང་གིས་སྲིད་དོན་ཚོགས་པ་དེ་རྩ་གྲོལ་བཏང་བ་མ་ཟད། གྲོས་ཚོགས་ནང་ཚོགས་པ་དེའི་ཚོགས་མིའི་རྐུབ་སྟེགས་༥༥ རྣམས་རྩིས་མེད་བཏང་འདུག་པས། ཐེངས་འདིའི་འོས་བསྡུའི་ནང་གཞུང་འཛིན་སྲིད་དོན་ཚོགས་པར་ཁ་གཏད་གཅོག་ཐུབ་མཁན་གྱི་ཕྱོགས་འགལ་ཚོགས་པ་ནུས་ལྡན་ཞིག་མེད་པའི་ཐོག་ནས་རྒྱལ་ཁ་ཆེན་པོ་ཐོབ་འདུག
ཨ་རི་དང་ཡུ་རོབ་མཐུན་ཚོགས་སོགས་ཀྱིས་འོས་བསྡུའི་གྲུབ་དོན་དེར་ཡིད་ཆེས་བྱེད་སའི་གཞི་ཡོད་མེད་ཐོག་དྲི་བ་བཏང་འདུག་ཀྱང་། གཞུང་འཛིན་ཚོགས་པས་འོས་བསྡུ་དེར་སྲིད་དོན་ཚོགས་པ་གཞན་༡༩ ཡིས་འོས་འགྲན་བྱས་ཡོད་སྐོར་བརྗོད་འདུག ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཐེངས་འདིའི་ཀམ་བྷོ་ཌི་ཡའི་འོས་བསྡུར་རོགས་དངུལ་སྤྲད་མི་འདུག་ཀྱང་། རྒྱ་ནག་གིས་ཉེ་ཆར་རྒྱལ་ཁབ་དེར་ཨ་སྒོར་ས་ཡ་༡༣༠ ཡི་དམག་དོན་རོགས་དངུལ་སྤྲད་ཡོད་ཁར། ད་ཐེངས་ཀྱི་འོས་བསྡུའི་ནང་ཐེངས་དང་པོར་རྟོག་ཞིབ་རུ་ཁག་བཏང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
