༧གོང་ས་མཆོག་རྒྱ་གར་གྱི་གྲོང་ཁྱེར་པུ་ནཱི་རུ་ཕེབས་འཆར།
ཧིན་དྷིའི་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱིར་འཛམ་གླིང་ཞི་བདེའི་ལྷན་ཚོགས་སམ་མཛད་སྒོ་དེ་ནི་ཊེ་ཇི་གྷན་ཞེས་པའི་དགེ་རྩ་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། ཚོགས་པ་དེས་རྒྱ་གར་གྱི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་ཨཱ་མིའི་ཏཱ་བྷ་ཆན་ཡང་ཡོང་བའི་རེ་འདུན་ཞུས་ཡོད་པ་རེད། མཛད་སྒོ་དེའི་ཐོག་༧གོང་ས་མཆོག་གི་བཀའ་སློབ་གནང་རྒྱུའི་བརྗོད་གཞི་ནི་རྒྱལ་ཁབ་ཚོའི་དབར་གྱི་ཞི་བདེ་ཞེས་པ་དེ་ཡིན་པ་དང། ད་དུང་མཛད་སྒོ་དེའི་ཐོག་ཏུ་འབུམ་རབས་པ་ཀི་རན་བྷེ་ཌི་དང། རྒྱ་གར་གྱི་བུད་མེད་ཉེན་རྟོག་པ་ཐོག་མ་མཱ་ཇུམ་དྷར་སོགས་ཀྱིས་གཙོས་པའི་ཁྱོན་མི་གྲངས་འབུམ་གཅིག་ལྷག་མཉམ་ཞུགས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་༧གོང་ས་མཆོག་སྐུ་སྒེར་གྱིས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཨཱ་མིའི་ཏཱ་བྷ་ཆན་དང་ཐུག་འཕྲད་གནང་རྒྱུའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག གཞན་ཡང་ཞི་བདེའི་ལྷན་ཚོགས་དེའི་དགོས་དམིགས་ནི། འཛམ་གླིང་གི་དབུ་ཁྲིད་མི་རེ་ངོ་རེ་ནས་འཛམ་གླིང་ཞི་བདེའི་ཆེད་དུ་ཕྱག་ལས་གནང་བའི་གར་སྟེགས་ཤིག་བསྐྲུན་ཆེད་ཡིན་སྐོར་ཡང་འཁོད་ཡོད་པ་རེད། གོང་གི་དགེ་རྩ་ཚོགས་པ་དེས་ཕྱི་ལོ་༢༠༡༠ ལོའི་ནང་གི་ཟླ་བ་བཅུ་ཡི་རིང་བྱེད་སྒོ་ཁག་བཅུ་ས་ཕྱོགས་འདྲ་མིན་དུ་སྤེལ་བཞིན་ཡོད་པ་ཞིག་རེད་འདུག །
{jcomments on}