རྒྱ་ནག་གིས་ཐའེ་ཝན་གྱི་འོས་བསྡུ་ལ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་༡༡ པའི་ཐའེ་ཝན་གྱི་འོས་བསྡུའི་ལས་རིམ་ལ་རྒྱ་ནག་གིས་གནོན་ཤུགས་སྤྲད་ནས་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་འདུག་ཟེར།

ཟླ་འདིའི་ཕྱི་ཚེས་༢༢ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨན་དབྱིངས་ཀྱིས་སྤྱིར་ཐའེ་ཝན་གྱི་ཆབ་སྲིད་དང་། ལྷག་པར་འབྱུང་འགྱུར་ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གཞུང་ནས་ཤུགས་སྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

དེ་ཡང་། འདི་ལོའི་ཕྱི་ཟླ་༡༡ པའི་ཟླ་འཇུག་ཏུ་ཐའེ་ཝན་གྱི་གྲོང་སྡེ་ཁག་གི་སྤྱི་ཁྱབ་འགོ་ཁྲིད་པ་དང་། ཁྲིམས་དཔོན་བཅས་འོས་འདེམས་བྱ་རྒྱུ་ཡིན་པ་དང་། དེར་རྒྱ་ནག་གིས་ཤུགས་སྐྱེན་སྤྲོད་ཐབས་བྱེད་བཞིན་ཡོད་སྐོར་ཐོག་ཐའེ་ཝན་གྱི་སྲིད་འཛིན་ཀྱིས་“འོས་བསྡུའི་འགོ་སྟོད་འདིར་རྒྱ་ནག་གིས་ཐའེ་ཝན་ལ་གནོན་ཤུགས་སྤྲོད་མཚམས་འཇོག་གི་མ་རེད།”ཅེས་དང་། དེ་བཞིན་“པེ་ཅིང་སྲིད་གཞུང་གིས་ཐའེ་ཝན་གྱི་འོས་བསྡུའི་གྲུབ་འབྲས་ལ་ཤུགས་རྐྱེན་སྤྲོད་བཞིན་ཡོད་རེད་”ཅེས་བརྗོད་ཡོད་འདུག་པ་མ་ཟད། ཁ་སང་ཕྱི་ཚེས་༢༡ ཉིན་ཐའེ་ཝན་གཞུང་ནས་རྒྱ་ནག་གིས་ཚད་ལས་བརྒལ་བའི་ཐེ་ཇུས་བྱེད་བཞིན་པར་ཕར་རྒོལ་བྱེད་རྒྱུའི་དམ་བཅའ་ཡོད་སྐོར་བརྗོད་ཡོད་འདུག དེ་ནི་ཐའེ་ཝན་དང་ཕྱི་འབྲེལ་གྱི་ཐོག་ནས་མཐུན་ཕྱོགས་སུ་གྱུར་པའི་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཨིའེ་སལ་ཝོ་ཌོར་(Ei Salvador)གྱིས་རྒྱ་ནག་དང་འབྲེལ་ལམ་དམ་དུ་བཏང་ནས་ཐའེ་ལན་ལ་ཕོག་ཐུག་བྱུང་བའི་རྗེས་སུ་བརྗོད་པ་ཞིག་ཡིན་འདུག

ཕྱི་ལོ་༢༠༡༦ ལོར་ཌོ་ནལ་ཊོམ་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་རྗེས། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨན་དབྱིངས་ལ་ཁ་པར་བཏང་བས་མཚོན། ཁོང་གིས་ཐའེ་ཝན་ལ་འཛིན་པའི་འབྲེལ་ལམ་གྱི་ཐོག་ནས་རྒྱ་ནག་ལ་བློ་འཚབ་སྐྱེ་དགོས་པ་བྱུང་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།