བཀའ་བློན་ཁྲི་པ་དང་དེའི་ཁྱད་ཆོས་ལ་ལྟ་བའི་མིག

ཇི་ཙམ་གྱིས་སྤྱི་ཚོགས་ཐོག་བསམ་བློར་འགྱུར་བ་ཕྱིན་ན་དེ་ནི་དོན་སྙིང་ལྡན་པའི་སྤྱི་ཚོགས་ཤིག་གི་འགོ་ཚུགས་ཀྱི་ཡོད་པ་མཁས་པ་མང་པོས་གསུང་གི་ཡོད་ལ་དོན་དངོས་དང་མཐུན་པ་ཞིག་ཀྱང་ཡིན།

༼རེ་བ་དང་རྣམ་པ་གསར་པའི་ཁོར་ཡུག༽

དེང་སང་བོད་མའི་གཞིས་ཆགས་ཁག་དང་ཚོགས་སྡེ་གང་སར་སྐབས་གསུམ་པའི་བཀའ་བློན་དང་སྤྱི་འཐུས་གཉིས་ཀྱི་སྐོར་བགྲོ་གླེང་དང་སྐད་ཆ་ཤུགས་ཆེན་པོར་བཤད་བཞིན་པའི་སྐབས་འདིར་གང་ཟག་སྒེར་སོ་སོའི་ངོས་ཀྱང་བློ་ཁ་ནང་དུ་ཕྱོགས་ཏེ་གདམ་ཁ་མ་ནོར་བ་ཞིག་བྱ་དགོས་སྙམ་པའི་ཆོད་སེམས་དང་ཡིད་ཆེས་བྱེད་བཞིན་ཡོད།དེ་མཚུངས་ཁ་སྔོན་གདན་ས་ཁག་ཏུ་དཔྱ་དངུལ་ལག་དེབ་སྐྱེལ་ཞུས་པའི་སྐབས།མང་ཚོགས་ནས་སྔོན་འགྲོའི་འོས་འཕེན་གྱི་གྲ་སྒྲིག་ནི་སྔོན་མ་དང་བསྡུར་ན་ད་ལྟའི་ཆར་སྐྱ་སེར་ཚང་མས་ཚོར་ཤུགས་རྣོན་པོས་ཐོག་ཆ་ཤས་བླང་རྒྱུའི་གྲ་སྒྲིག་ནི་ཚད་མཐོའི་མང་གཙོའི་རྒྱལ་ཁབ་ཀྱིས་འོས་འཕེན་གྱི་ལས་རིམ་དང་གཉིས་སུ་མ་མཆིས་པའི་ཚོར་སྣང་བྱུང།

༼འོས་འདེམས་པས་ནོར་འཁྲུལ་དང་དེའི་རྒྱབ་ལྗོངས།༽

འདས་པའི་ལོ་རྒྱུས་ནང་ང་ཚོས་འགན་མ་འཁུར་བའི་གནད་དོན་མང་པོ་ཞིག་གིས་ད་ལྟའི་ཆར་བོད་གཞིས་བྱེས་གཉིས་སུ་ཁ་འཐོར་ཏེ་གནས་སྟངས་སྐྱོ་པོ་ཞིག་གི་འོག་ཏུ་གནས་ཡོད་པར་མིག་གིས་མཐོང་ཞིང་།སེམས་པས་མྱོང་བཞིན་ཡོད། ད་སྔོན་གྲོས་ཚོགས་ཀྱི་འཚོགས་འདུ་ལམ་ལྷོང་མ་བྱུང་བར་བརྟེན་ང་ཚོའི་སྤྱི་ཚོགས་གང་སར་བཀུར་འོས་སྤྱི་འཐུས་ཚོས་མི་འགྲིག་པའི་བསམ་ཚུལ་མང་པོར་ཤོད་ཀྱི་ཡོད།དོན་དངོས་ཐོག་ལས་རིམ་མཇུག་བསྐྱངས་མ་ཐུབ་པའི་གནས་དོན་ཐབས་སྐྱོ་པོ་ཆགས་པ་ནི་མངོན་གསལ་ཡིན།སྐབས་དེར་གཞིས་བཞུགས་བོད་མི་ཚོས་བློ་ཕམ་དང་རེ་བ་ཆུད་ཟོས་སུ་གཏོང་གི་འདུག་ཅེས་སྐད་ཆའང་གོ་ཐོས་བྱུང་།དེ་ནི་སྐབས་དེ་དུས་སྤྱི་ཚོགས་གང་ཞིག་དང་ཚོགས་སྡེ་སོ་སོས་འོས་འདེམས་སྟངས་ཀྱིས་ད་ཐེངས་སྟོང་ཆ་དེ་བཀང་མ་ཐུབ་པས་བྱུང་བ་རེད་ཅེས་བརྗོད་ན་མ་འཐུས་པར་མེད་སྙམ།དེར་བརྟེན་ཆུ་མ་ཡོང་གོང་གི་རགས་དང་རྐྱེན་མ་ཡོང་གོང་གི་བཟློག་པ་བཞིན།ད་ལྟའི་དུས་འདིར་སྤྱི་ཚོགས་ཀྱི་ནུས་པ་གཅིག་ཏུ་སྤུངས་ཐབས་བྱ་རྒྱུ་ནི་རང་རེས་རྩ་དོན་གྱི་འགག་རྩར་ཐུག་པའི་གནད་དོན་ཞིག་ཡིན་པར་ཤེས་དགོས།

 

༼གདམ་ཁ་མ་ནོར་བ་ལ་ལྟོས་ཏེ་རླབས་ཆེན་གྱི་གྲུབ་འབྲས།༽

༸གོང་ས་སྐྱབས་མགོན་ཆེན་པོས་ཡང་དག་པའི་མང་གཙོའི་གསོལ་རས་བསྩལ་བ་ནས་བཟུང་ཆོལ་ལུགས་དང་ཆོལ་ཁ་དབྱེར་མེད་ཀྱིས་གོང་བུའི་ནུས་པ་གཅིག་ཏུ་བསྒྲིལ་ཏེ་མཁས་དབང་ཟམ་གདོང་རིན་པོ་ཆེན་བཀའ་ཁྲིར་བསྟུད་མར་གཉིས་འདེམས་ཐོན་བྱུང་བ་བཞིན།རིན་པོ་ཆེན་མཆོག་ནས་ཀྱང་དུས་ནས་དུས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སྒྲོན་དང་ལམ་སྟོན་ཞུས་པ་ཁག་ལྷོད་ཡང་མ་ཕྱིན་པར་ལག་བསྟར་དང་།བཙན་བྱོལ་གཞུང་གི་སྒྲིག་འཛུགས་སྲ་བརྟན།བོད་རྒྱ་ཞི་མོལ་ཁོར་ཡུག་བསྐྱར་གསོ།རྒྱལ་སྤྱའི་འབྲེལ་ལམ་ཇེ་བཟང་དུ་གཏོང་བ།ཤེས་ཡོན་སྲིད་བྱུས་གཏན་འབེབ།གཞུང་གིས་བུ་ལོན་གུད་གསབ་མི་དགོས་པར་མ་དངུལ་དང་རྩིས་ཁྲ་གཏན་འབེབས།མང་མོས་དཔྱ་ཁྲལ་ལག་དེབ་འཐུས་སྒོ་ཚང་བ།རྒྱ་གར་ནང་གཏན་སྡོད་ཆོག་པའི་ལག་ཁྱེར་གསར་བཟོ།མདོར་ན་གཞུང་གི་རླངས་འཁོར་ཡན་ཆད་འགྲོ་ཕྱོགས་སོགས་ལ་གཏན་འབེབ་གྱི་སྲིད་བྱུས་བཟོ་ཐུབ་པར་བྱུང་ཡོད།དེ་ནི་གཅིག་ནས་མི་མང་གིས་གདམ་ཁ་མ་ནོར་བར་འོས་འདེམས་བྱུང་བའི་གྲུབ་འབྲས་དང་།གཉིས་ནས་ལས་བྱེད་པ་པོའི་ལྷག་བསམ་དང་ཤེས་འཇོན་གྱི་མཐུ་ལས་བྱུང་བ་ཞིག་ཡིན་པར་ངོས་འཛིན་དགོས།

༼དུས་བབ་ལ་ལྟོས་ཏེ་གཞོན་སྐྱེས་ཤིག་བཀའ་ཁྲིར་ གདམ་པ།༽

ཕྱི་ལོ་༢༠༡༡ལོའི་བཀའ་བློན་ཁྲི་པ་ནི་དེ་ལས་ཀྱང་དུས་ཚོད་ཆེས་གཉན་འཕྲང་དང་ཆེས་འགག་རྩ་ཞིག་ལ་ཐུག་ཡོད་པར་བརྟེན་གཙོ་ཆེར་མི་མང་ཚོ་ལ་གོ་རྟོག་ཡོང་ཆེད་ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་གྱི་རྒྱབ་ལྗོངས་གཙང་བའི་མི་སྣ་དེ་དག་འཚམས་སྦྱོར་བྱ་དགོས་པར་མ་ཟད་མི་སྣ་དེ་དག་གི་ལོ་རྒྱུས་ཞིབ་ཕྲ་གསལ་འགྱུར་རྒྱུ་ལམ་ཁག་ནས་ཁྱབ་སྤེལ་བྱེད་དེ་སྤྱི་ཚོགས་ཐོག་དོ་སྣང་གསར་པ་ཞིག་སླེབས་བའི་ཐབས་ལ་འབད་དགོས།༸གོང་ས་སྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་གཞོན་སྐྱེས་ཤེས་ཡོན་པ་ཞིག་བཀའ་ཁྲིར་བཞེངས་ན་ལེགས་ཚུལ་གྱི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད། གཞིས་ལུས་བོད་མི་ཚོའི་གནས་སྟངས་ཛ་དྲག་པོ་ཞིག་ལ་གནས་ཡོད་ཀྱང་རེ་བ་ཡོད་ཚོད་འདིར་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་ཡིད་ཆེས་བློ་འགེལ་བྱེད་ཀྱི་ཡོད།འདི་ནས་ཀྱང་གཞིས་ལུས་སྤུན་ཟླ་ཚོར་སེམས་སྟེང་ནས་ཤ་ཚ་དང་ངོ་ཚབ་ཅིག་བྱ་ཐུབ་པའི་ཆོད་སེམས་བརྟན་པོར་བཅང་སྟེ།ལྷ་རབ་བྱུང་ན་གཞོན་སྐྱེས་ཤེས་ཅན་ཞིག་ངེས་པར་དུ་འདེམས་སྒྲུག་བྱེད་དགོས།སྤྱིར་འཛམ་འདིར་དཔལ་འབྱོར་གྲལ་རིམ་གྱིས་དབང་བསྒྱུར་བྱེད་བཞིན་པའི་སྐབས་འདིར་དགོས་ངེས་ཀྱི་ཆ་རྐྱེན་འདི་དག་ལ་གཞིར་བཅོལ་དགོས།༼དང་པོ།༽ གཞུང་གི་དཔལ་འབྱོར་གྱི་ཁ་ཕྱོགས་སྲ་བརྟན་དང་ཡར་རྒྱས་གཏང་ཐབས།༼གཉིས་པ།༽རྒྱ་ནག་གཞུང་གི་ཆབ་སྲིད་ལངས་ཕྱོགས་ལ་ཁ་ཚ་དགོས་གཏུགས་ཀྱིས་གནོད་ཤུགས་དང་གཞུང་གི་འཛིན་སྐྱོང་གི་ལངས་ཕྱོགས་ཡར་རྒྱས་དང་འཐུས་སྒོ་ཚང་བ།༼གསུམ་པ།༽རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྱུར་བ་དམ་འཛིན་དང་དེ་ལ་ལྟོས་ཏེ་སྤྱི་ཚོགས་ཐོག་ཆ་ཤས་ལེན་རྒྱུ།༼བཞི་པ།༽ད་ལྟའི་བོད་ནང་གི་གནས་སྟངས་རྒྱུས་ལོན།༼དྲུག་པ།༽བོད་རྒྱ་ཞི་མོལ་ལས་རིམ་རྒྱུན་བསྐྱང་བྱ་རྒྱུ།༼བདུན་པ།༽བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་གཏན་འབེབས་བྱས་པའི་ལམ་དབུ་མའི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ལ་གལ་གནད་གཙོར་བཟུང་གི་ལག་བསྟར་ལྷོད་ཡང་མི་གཏོང་བའི་གང་ཟག་ཞིག་འཕྲལ་དུ་གདམ་དགོས

༼གལ་སྲིད་རྒན་རབས་པ་ཞིག་བཀའ་ཁྲིར་འདེམས་དགོས་ན།༽

སྤྱི་ཚོགས་ཐོག་རྙོག་གླེང་མེད་པར་ཤེས་འཇོན་དང་ལྷག་བསམ་ལྡན་པའི་མི་སྣ་ཞིག་ངེས་པར་དུ་འདེམས་དགོས།རང་དབང་གི་ཁོར་ཡུག་འདི་ལྟ་བུ་ཞིག་གི་ནང་དུ་ཆོལ་ཁ་ཕྱོགས་རིས་ཀྱིས་འཐེན་ཁྱེར་དང་མི་སྣ་གྲགས་ཅན་གྱི་བརྒྱུད་པར་བློ་འགེལ་བྱེད་མི་དགོས་པར་སྨྲ་བརྗོད་རང་དང་བསམ་བློའི་རང་དབང་བེད་སྤྱོད་གཏོང་སྟེ་རང་ཉིད་ཀྱིས་གདམ་པའི་བཀའ་ཁྲི་དེས་བོད་གཞུང་དམངས་གཉིས་ཀྱི་ངོ་ཚབ་དོན་གནད་འཁེལ་བ་བྱ་ཐུབ་མཁན་ཞིག་ལ་རེ་བ་རྒྱག་དགོས།དེ་ལྟར་མིན་པར་སྔོན་འགྲོའི་འོས་མི་ཞིབ་གཤེར་སྐབས་ཁ་འཐོར་གྱི་འོས་མི་མང་པོ་ཐོན་ཚེ་སྤྱི་ཚོགས་ཐོག་བརྡབ་བསིག་དང་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད་པ་ཞིག་མིན་པར་འདས་ལོ་རྒྱུས་དག་གིས་དཔང་པོ་བྱེད་ཆོག། དེར་བརྟེན་༸གོང་ས་མཆོག་གིས་དུས་ནས་དུས་སུ་ང་ཚོས་རེ་བ་བཟང་ས་ནས་རྒྱོབས།གྲ་སྒྲིག་སྡུག་ས་ནས་བྱོས་གསུང་པ་བཞིན་ང་ཚོས་ལག་ལེན་ལ་ཁེལ་ཐུབ་པ་ཞིག་གལ་ཆེ་སྙམ།།