སྡོམ་པོའི་སེམས་པ།
མཚུངས། སྔ་དྲོའི་ཡུལ་ལྗོངས་འདི་ནི་དངོས་གནས་འཇོ་སྒེག་ཡིད་འོང་མའི་ཉམས་བཞིན་བདག་གི་མིག་མངོན་དུ་སྒྱུ་རྩལ་ངོམ།
ཁང་བྱེའུ་ཁ་ཤས་ཀྱིས་སྒེའུ་ཁུང་གོང་ནས་ཙེར་ཙེར་ཙེར་ཞེས་སྐད་གཅོལ་བརྒྱབ་ཡོང་དུས ། ཐོས་མྱོང་བའི་སྒྲ་དེ་ཡིས་ཡུལ་གྱར་བའི་སེམས་པ་སྐད་གཅིག་ཉིད་ལ་རང་ཡུལ་གྱི་ཕྱོགས་སུ་སོང༌། ཨ་ཨ་ཨ་་་་་་ མཛེས་སྡུག་ལྡན་པའི་རང་ཡུལ་གྱི་རི་ཆུ་རྣམས་རི་མོ་མཁས་པའི་ལག་རྩལ་ལས་ཐོན་པ་ལས་ཀྱང་མཛེས ཤིང་ལྟ་ན་སྡུག། ལྷག་པར་དུ་དེ་རུ་གནས་པའི་མི་རྣམས་ཀྱི་བརྩེ་དུང་ནི་ཧ་ཅང་ཟབ་ལ་འདིར་ཡོད་མི་དང་བསྡུར་ས་ག་ལ་ཡོད།
དེ་འདྲ་ཞིག་ལ་ངའི་མིག་མངོན་དུ་སྒྱུ་རྩལ་ངོམ་བཞིན་པའི་སྟོན་གྱི་ཡུལ་ལྗོངས་འདི། སྐད་གཅིག་ཉིད་ལ་རྒན་མོ་ལོ་ན་དགུ་བཅ
ུ་ཟིན་པ་དང་འདྲ་ཞིང་མཛེས་སྡུག་དང་སྒེག་ཉམས་ཡོངས་སུ་ཉམས། དེ་ནི་རང་ཡུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དེ་ཡི་ཟིལ་གྱིས་གནོན་པ་ལོས་ཡིན། དེ་དང་འགྲོགས་ནས་འཁྱམ་པོའི་སེམས་པ་སྐྱུ་མོར་གྱུར་ཞིང་འདི་དང་འདི་ཞེས་བཤད་རྒྱུ་མེད་པའི་དྲན་གདུང་གིས་སྨུག་པ་ཐིབས། བསམ་བཞིནབསམ་བཞིན། དྲན་བཞིན་དྲན་བཞིན། རང་ཡུལ་དྲན་པའི་གདུང་བས་འཁྱམ་པོའི་སེམས་པ་སྡུག་གིས་མནར་ནས་སེམས་པ་མ་མོག་ཏུ་གྱུར། ད་ཅི་བྱེད་་་་་ད་ཅི་བྱེད་་་༌། འོ་རེད། མི་ཞིག་གིས་ང་ལ་སེམས་པ་སྡུག་བསྔལ་ཆེ་བའི་སྐབས་སུ་ཨ་རག་འཐུངས་སྟེ་མྱོས་པ་བྱས་ན་གནས་སྐབས་རིང་སྡུག་ཐམས་ཅད་བརྗེད་དུ་འགྲོ་ཞེས་ཟེར་མྱོང་། ཡ་་་་དེ་ཡིན་ན། མཛེས་མའི་གཟུགས་འདྲ་བའི་ཤེལ་དམ་དེ་མདུན་དུ་འཇོག། འདོད་པའི་མྱོང་བ་འདྲེན་བྱེད་ཀྱི་ཤེལ་ཕོར་ཆུང་ཆུང་དེ་ཡང་ཕོ་ཉའི་ཚུལ་དུ་གྲོགས་སུ་བཀུགས། དེའི་ནང་མཛེས་མའི་ཁོག་ནས་ཕྱུང་འདྲའི་མྱོས་བྱེད་བདུད་རྩི་དཀར་པོ་དེ་བླུགས་ཏེ། ལག་གཡས་པ་མདུན་དུ་སྲོངས་ནས་ཤེལ་ཐུག་ཅིག་བྱས། ཡ་་་་་ཡིན་ད། མི་འཁྱམ་གྱི་སྐྱོ་རོགས་ཨ་རག་དང་མི་འཁྱམ་གྱི་སྙིང་གཏམ་བཤད་ཡུལ་ཤེལ་ཕོར་ཆུང་ཆུང་འདི་བྱེད་དེ ། ཡུད་ཙམ་ཞིག་ལ་སྡུག་བསྔལ་བརྗེད་བའི་ཁུལ་བྱེད་དོ་ཟེར་ནས་སྐྱོ་མདོག་གི་ངང་མུ་མཐུད་དེ་ཨ་རག་ཤེལ་ཕོར་ཁ་ཤས་འཐུངས།
ཡ་་་ཡ་་༌། ཐུངས་དང༌། ངོ་མ་ཐུངས་ཡ། འཛེམ་བྱེད་མི་ཉན། ཨོ་ཨོ་ཨོ་་་༌། ང་ཅུང་ཙམ་བཟིས་ཚར་བ་འདྲ། གཟུགས་པོ་དེ་ཡང་ཤུགས་མེད་པ་ཆགས་ཚར་འདུག། ཧེ་ཧེ་ཧེ་་་་་་དེ་་་་དེ་དེ་དེ་་་ཤེལ་དམ་དེ་ཡང་བུ་མོ་གཅེར་བུ་མ་ཞིག་དང་འདྲ་བ་ཉ་འཁྱུག་འཁྱུག་བྱེད་ཀྱིན་འདུག། ཧ་ཧ་ཧ་་་་་་་་་ཞེས་དགོས་བཞིན་མདུན་དུ་བཞག་ཡོད་པའི་ཤེལ་དམ་ལ་ལྟ་བཞིན་འདི་ལྟར་བསྐྱོར།
ཤེལ་དམ་དཀར་པོ་མཛེས་མ་གཅེར་བུ་འདྲ།།
ཨ་རག་དཀར་པོ་རྔུལ་ཆུའི་ཐིགས་པ་འདྲ།།
བུ་ཆུང་སེམས་པ་རྫ་རི་སྨུག་པོ་དེ།།
ཁྱོད་དྭངས་མས་ཡང་ཡང་བཟིས་ནས་ཐལ།། ངོ་མ་་་༌། ངོ་མ་བཟིས་ཐལ །
ཧེ་ཧེ་ཧེ་་་༌། ཡ། ཨ་རོགས། ཤེལ་དམ་ལ་ཁ་སྦྱོར་ནས་ཐུངས་ཡ། ངོ་མ་ཨ་རག་འདི་ཞིམ་པ་མ་ཟད། ཤེལ་དམ་ཁ་དེ་ཡང་བུ་མོ་མཛེས་མའི་ཁ་ལ་འོ་བྱས་པ་དང་འདྲ་དུ ། ཧེ་་་་་ཧེ་་་་་ཧེ་ཧེ་ཧེ་ཧེ་ཟེར་བཞིན་ལག་གཡོན་གྱིས་ཨ་དམ་འཛིན། ལག་གཡས་སུ་ཤེལ་ཕོར་འཛིན། ལག་གཉིས་བགྲད་ནས་སྐད་ཆེན་པོས། ཧ་་་ཧ་་་ཧ་་་་ཧ་་་་ད་ཡིན་ན་་་་ངའི་སེམས་པ་སྐྱིད་ཀྱང་སྐྱིད་ལ་སྡུག་ཀྱང་སྡུག ། ཅེས་ཟེར་བཞིན་བསྐྱར་དུ་ཅོག་ཙེ་གོང་ལ་ལག་གཉིས་བཞག་སྟེ། ལག་གཡས་མས་ཤེལ་ཕོར་དེ་ཕར་སྒྱུར་ཚུར་སྒྱུར་བྱེད་བཞིན། གདོང་ལ་དགའ་སྐྱོ་ཟུང་འབྲེལ་གྱི་རྣམ་འགྱུར་དང་བཅས་ཡང་འདི་ལྟར་ཞིག་ཐལ།
ང་འཁྱམ་པོར་རང་ཡུལ་མེད་པོ་མ་རེད་དེ།།
དགྲ་དམར་པོ་མ་ཐུབ་གཞན་ཡུལ་འཁྱམ།།
ང་འཁྱམ་པོར་སྙིང་ཉེ་མི་འདུག་མ་ཟེར་ཞིག །
ངའི་སེམས་སྨུག་པོའི་དཀྱིལ་ལ་འཛུམ་ལེ་ཡོད།། ཅེས་ཁྲོས་དགོད་ཅིག་བྱས།
ཡ། ཁོ་རེ། མང་པོ་མི་བཤད། བཤད་རྒྱུ་མང་ན་གྱོད་ཀྱི་གཞི་མ་ཡིན་ཟེར། དེ་ལས་གང་ཐུངས་དང་ཟེར་ནས་ཆིག་ལབ་ཅིག་བརྒྱབ་སྟེ། ཨ་དམ་ཤེལ་ཕོར་ནང་དུ་མགོ་མཇུག་རློག་ཀྱང་ཐིགས་པ་གཅིག་མ་གཏོགས་ཡོང་རྒྱུ་མེད་པ་ནི་རྫོགས་ཚར་བ་ལོས་ཡིན། ངས་ཁ་གདངས་ཏེ་ཤེལ་ཕོར་ནང་གི་ཨ་རག་ཐིགས་པ་དེ་ཁ་ལ་ཟག་ཐབས་ཤིག་བྱས། ད་དུང་འཐུང་འདོད་ཧ་ཅང་ཆེ་ནའང་ཡོངས་སུ་བཟིས་ནས་ཉོ་མཁན་ནི་འགྲོ་མི་ཐུབ། ཐིགས་པ་དེ་ཁ་ལ་མྱོང་མྱོང་བྱེད་བཞིན། ངས་ཤེལ་ཕོར་ཆུང་ཆུང་དེ་ལ་གྲོགས་པོ་ཁྱོད་ཀྱིས་ང་ལ་རོགས་བྱས་ནས་ཨ་རག་ཚང་མ་ང་ལ་སྤྲད་བྱུང༌། ཐུགས་རྗེ་ཆེ། ད་ང་ཉལ་སར་འགྲོ་ལེ་ཡིན། ཁྱོད་ཀྱིས་མཛེས་མ་ཁོག་སྟོང་འདི་ལ་རོགས་བྱས་ནས་ཅོག་ཙེ་སྟེང་དུ་སྡོད་ཨ་ལབ་སྟེ་ཅོག་ཙེ་གོང་གི་ཤེལ་དམ་ལ་རོགས་པ་བཞག། ང་ཁྱར་རེ་ཁྱོར་རེ་ངང་ཉལ་སའི་ཕྱོགས་སུ་འགྲོ་བཞིན་ཁ་ནས་ཨུག་སྒྲ་ཞིག་གྲགས། འོ་ཡ་་་་་ད་ཡིན་ན་བཟིས་ཚར་འདུག། ངོ་མ་བཟིས་འདུག་ཟེར་བཞིན་མགོ་བོ་དེ་ཡང་ཡག་པོ་ཞིག་ཡར་ཁྱག་མི་ནུས་ཀྱང་། ཅོག་ཙེ་གོང་གི་ཤེལ་ཕོར་ཆུང་ཆུང་དེ་ལ་ཕྱིར་ལྟས་ཤིག་བྱས་བའི་ཞོར་དུ་ལག་གཡོན་མ་གཡུག་ཙམ་གཡུག་ཙམ་བྱེད་བཞིན། གྲོགས་པོ་ཆུང་ཆུང་་་་་་རྗེས་མ་་་་་རྗེས་མ་་་་་་་ཡིན་་་་་་་་་་་་་་་་་་་་ཡིན་ད། ཞེས་ལབ་བཞིན་ཉལ་སའི་གོང་དུ་ཁ་སྦུབས་ཏེ་འགྲིལ་ནས་ཅི་ཡང་དྲན་རྒྱུ་མེད་པ་གྱུར།། །།