འོས་བསྡུའི་ལས་རིམ་ནང་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་གལ་ཆེ།
ཟླ་འདིའི་ཚེས་༡༧ ཉིན་གྱི་ཕྱི་དྲོར་དྷ་ས་མེག་གྷན་དུ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་མི་མང་གི་འཆར་སྣང་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་ཅིག་གོ་སྒྲིག་བྱས་ཡོད་པ་རེད།
 མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བསྟན་ནོར་བུས། ཐེངས་འདིའི་གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལས་རིམ་ཡོད་པས། དེའི་ཐོག་མི་མང་གི་བསམ་ཚུལ་འདོན་དགོས་པ་དང་། དེ་སྔ་བར་དུ་འོས་བསྡུའི་སྒྲིག་གཞིའི་འོག་ཤོག་འཕངས་ནས་འགྲིག་ཡོད་པ་རེད་ལ། རྙོག་གླེང་ཡོང་བ་སྒྲིག་གཞིའི་སྐྱོན་མ་ཡིན་པར། མིའི་སྐྱོན་ཡིན་སྐོར་དང་། འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་སྐོར་གསུངས་སོང་།
མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བསྟན་ནོར་བུས། ཐེངས་འདིའི་གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལས་རིམ་ཡོད་པས། དེའི་ཐོག་མི་མང་གི་བསམ་ཚུལ་འདོན་དགོས་པ་དང་། དེ་སྔ་བར་དུ་འོས་བསྡུའི་སྒྲིག་གཞིའི་འོག་ཤོག་འཕངས་ནས་འགྲིག་ཡོད་པ་རེད་ལ། རྙོག་གླེང་ཡོང་བ་སྒྲིག་གཞིའི་སྐྱོན་མ་ཡིན་པར། མིའི་སྐྱོན་ཡིན་སྐོར་དང་། འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་སྐོར་གསུངས་སོང་།
བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས། འོས་བསྡུའི་ཐོག་མི་མང་གི་བསམ་ཚུལ་དང་མཉམ་ཞུགས་སྐྱོ་པོ་འདུག མང་གཙོའི་ནང་མི་མང་གལ་ཆེ་ཤོས་དང་དབང་ཆ་ཆེ་ཤོས་ཡིན་པས་གཙོ་བོ་མི་མང་མཉམ་ཞུགས་བྱེད་རྒྱུ་གལ་ཆེ་སྐོར་དང་། ཆོལ་ཁོངས་ནས་སྤྱི་འཐུས་འོས་འཕངས་ཏེ་འཐེན་འཁྱེར་རྙོག་གླེང་ཡོང་གི་ཡོད་ན། སྲིད་སྐྱོང་ལ་འཐེན་འཁྱེར་རྙོག་གླེང་ཡོང་མི་དགོས་པ་འདྲ་ཡིན་དུས་དེའི་ཐོག་བསམ་བློ་གཏོང་དགོས་སྐོར། ཆོལ་ཁའི་སྤྱི་འཐུས་ཡོད་ཐོག་བཙན་བྱོལ་ནང་གི་ས་གནས་མི་འབོར་ལ་དཔག་པའི་སྤྱི་འཐུས་དགོས་པ་དང་། གཞོན་ལྷན་གྱི་ངོས་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དུས་ཚེས་ལོགས་སུ་ཡོད་ན་ཡག་པོ་ཡོད་སྐོར་གསུངས་སོང་།
དབུས་གཙང་ཆོལ་ཁའི་དབུས་རྒྱུན་ཚེ་རིང་ཐེག་མཆོག་གིས། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་ཀྱི་ཡོད་པ་དང་། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དུས་གཅིག་ལ་ཁེལ་དགོས་པ། མི་མང་གི་བསམ་ཚུལ་ཡར་ཕུལ་བ་གོང་རིམ་ནས་ལག་བསྟར་བྱེད་མིན་ལ་ཐེ་ཚོམ་ཡོད་སྐོར་དང་། གང་ལྟར་བསམ་ཚུལ་གང་མང་ཕུལ་དགོས་སྐོར། ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པ་བཟོས་ན་ཡག་པོ་ཡོད་སྐོར་ཡང་གསུངས་སོང་། དེ་བཞིན་ཁོང་གིས། ཆོལ་ཁོངས་ནས་སྤྱི་འཐུས་ཡོང་དགོས་ནའང་། འོས་དེ་མི་མང་ཚང་མས་འཕེན་དགོས་པ་དང་། གཞིས་ཆགས་ས་གནས་ཀྱི་འཐུས་མི་དང་། བོད་ཀྱི་རིག་གནས་ཆེ་བ་ཁག་གི་སྐུ་ཚབ་འཐུས་མི་འདེམས་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་།
བུད་མེད་ཚོགས་པའི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་གྱིས་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་དགོས་པ་དང་། སྔོན་འགྲོ་དང་དངོས་གཞིའི་བར་སྟོང་ཟླ་བ་གསུམ་ལས་མ་མང་བ་དགོས་པ་དང་། འོས་མི་༧གོང་ས་མཆོག་གི་བཀའ་དགོངས་དང་མ་འགལ་བ་དང་། དོལ་རྒྱལ་བསྟེན་མཁན་མ་ཡིན་པ་སྒྲིག་གཞིའི་ནང་ཁ་གསལ་དགོས་སྐོར་སོགས་གསུངས་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་གྲགས་པས། སྔོན་འགྲོ་དང་དངོས་གཞི་གཉིས་ཀ་ཡོད་ན་འདེམས་ཀ་ཡག་པ་རག་རྒྱུ་ཡིན་པ་དང་། འོས་བསྡུའི་འགྲོ་ལུགས་མི་མང་ནང་ཟབ་སྦྱོང་མང་པོ་སྤྲོད་ཐུབ་དགོས་པ། ང་ཚོས་གཞིས་ལུས་མི་མང་གི་ཆེད་དུ་ཡིན་ཟེར་གྱི་ཡོད་ན། བཙན་བྱོལ་ནང་གི་རྙོག་གླེང་བཤད་མ་བསྡད་པར་འཐབ་རྩོད་ཐོག་གཙོ་བོ་དམིགས་ཐུབ་མཁན་འདེབས་དགོས་སྐོར། དེ་བཞིན་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་མཁན་དང་རང་བཙན་རྩོད་མཁན་གཉིས་ཀར་གོ་སྐབས་འདྲ་མཉམ་སྤྲོད་དགོས་སྐོར་གསུངས་སོང་། དེ་བཞིན་ཁོང་གིས། ས་གནས་གཞིས་ཆགས་ནས་སྐུ་ཚབ་སྤྱི་འཐུས་ཡོད་ན། རྒྱལ་ཁབ་གཞན་པ་ནང་བཞིན་ས་གནས་སུ་དམིགས་བསལ་ལས་ཀ་བྱེད་ཀྱི་མེད་སྐོར་གསུངས་སོང་།
གཏམ་བཤད་པ་མགྲོན་འབོད་བྱས་པའི་ནང་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་དང་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དྲུང་ཆེ་བསམ་བསྟན་གཉིས་ཀྱིས་དམིགས་བསལ་གཏམ་བཤད་གང་ཡང་གནང་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
