རིག་པའི་གསང་ཁར་ཡིབ་པའི་ཚོར་སྣང་ཐོར་བུ།།

 

འུར་གྱིས་སྒྲོན་པའི་མིང་བྱང་སྤྱི་ཚོགས་བཙོང་།

འདོད་བརྔམ་མིག་ཟུང་ཆོ་ལོའི་སྤོ་ལ་འཁྱུད།།

མཇུག་མ་དྲུད་པའི་ཁྱི་སྤྱང་གྲོང་མཐའ་ནས།།

སྦྱིན་བདག་ངོ་སོར་བསྟོད་པའི་འཁྲབ་ཚན་གང་།


ཤ་རུས་ཁྲག་གིས་བཞེངས་པའི་ཕ་མེས་སྐད།།

རི་མོའི་ཟོལ་གྱིས་བདག་མེད་རི་ལུང་འཁྱམ།།

གད་སྙིགས་ནང་འདྲེན་བྱས་པའི་རྫོབ་དོང་ནང་།

འབྱོར་བའི་གཡང་སར་འགྲིམ་པའི་ཁྱིམ་གཞིས་གང་།

ཁ་གཡང་གཏམ་གྱིས་རྐང་རྡུལ་ཐལ་བ་འགམ།།

ངོ་ལྤགས་ལྕགས་ཀྱིས་བརྔན་པའི་ལྐོག་གཡོར་བཤམས།།

མང་མོའི་ཁྲག་རིན་ཟོས་པའི་བྱད་ཀ་ཡིས།།

རིན་ཐང་ས་རྡོར་འདྲེས་བའི་ནག་རིལ་གང་།


རྩམ་ཁུག་བོར་བས་ཕ་ཟས་བྲོ་བ་བརླག།

རྨི་ལམ་འགྲིམས་ཏེ་ཕ་མ་མིག་ནས་བོར།།

སྒྱུ་མའི་དེང་རབས་ཨ་གསར་དམ་གྱིས་འཁྱུད།།

ལག་སྟོང་བྲང་ལ་བཀལ་བའི་མདོ་མེད་གང་།

ཕྱི་ལོ་༢༠༡༠།༩།༡༠ཉིན་སྤེལ།