ལྕང་གསེབ་འོག་གི་སྙན་ངག

 

གཞན་རྩོམ་དབྱེ་ཞིབ་བྱེད་མཁན་ལ།།

འཆད་རྩོད་རྩོམ་གསུམ་བློའི་སྟོབས་དགོས།།

ཁ་བཤད་གཡུ་འབྲུག་ལྡིར་བ་ལ།།

ལག་ལེན་སྦྲང་ཆར་སིལ་མ་དགོས།།

མི་ཚེ་རྨི་ལམ་གྲོང་ཁྱེར་ལ།།

བཞག་པའི་བྱས་རྗེས་སྟོན་རྒྱུ་དགོས།།

ཨ་མའི་གཅེས་པའི་བུ་ཕྲུག་ལ།།

གཏན་གྱི་འདུན་མའི་ཡོན་ཏན་དགོས།།

གྲྭ་སར་མི་ཚེ་སྐྱེལ་མཁན་ལ།།

གཞུང་ཆེན་ཁག་གི་མཐོང་རྒྱ་དགོས།།

བླ་མས་བསྐྱངས་པའི་སློབ་མ་ལ།།

དུལ་བའི་དཔལ་ཞིག་མངོན་པ་དགོས།།

བྲག་ཕུག་ཡུན་རིང་སྒོམ་མཁན་ལ།།

གྲུབ་པའི་རྟགས་ཤིག་ཐོན་པ་དགོས།།

རབ་བྱུང་ངུར་སྨྲིག་འཆང་བ་ལ།།

སྤྱོད་པ་ཞི་ཞིང་དུལ་བ་དགོས།།

ཆོས་རར་ཡུན་རིང་འགྲིམ་མཁན་ལ།།

རིགས་ལམ་རིག་པའི་རྩལ་ཞིག་དགོས།།

རྩོམ་ཡིག་ཁྱར་ཁྱོར་འབྲི་བ་ལ།།

སྙན་ངག་སུམ་རྟགས་དག་གསུམ་དགོས།།

གཞུང་ཞབས་ལས་བྱེད་རྣམ་དག་ལ།།

གཞུང་སེམས་དཀར་བ་དུང་ལྟར་དགོས།།

ཕོ་སར་མག་པ་འགྲོ་མཁན་ལ།།

གོ་ཆོད་ཁྱིམ་ཁ་ཟིན་པ་དགོས།།

བུ་མོ་གནས་ལ་འགྲོ་མཁན་ལ།།

མཛེས་མའི་གཟུགས་བྱད་ཚང་བ་དགོས།།

ལྕང་མའི་གྲིབ་བསིལ་འོག་རོལ་ན།།

འཇོལ་མོའི་འགྲེ་འགྱུར་ལ་ཉན་ནས།།

སྙན་འཇབ་ཚིག་གི་མེ་ཏོག་འདི།།

རིགས་མཐུན་དྲ་གྲོགས་ཚོ་ལ་བསྲིངས།།

བྱང་ཕྱོགས་ཧེ་ཅལ་མངའ་སྡེ་ཡི།།

རྒྱལ་ས་ཆེན་མོ་སིམ་ལ་ནས།།

དྭངས་གཙང་སྙན་ངག་འཕྲུལ་ཆེན་འདི།

དབྱངས་ཅན་ཆོས་སྤྲིན་རྒྱ་མཚོས་སྤེལ།།