ཐད་ཀར་རང་ལ་སེམས་གསོའི་ཚུལ་དུ།
སེམས་ལ་ངལ་བ་མེད་པར་ཧུར་བརྩོན་རང་བྱས་ཀྱང་།།
ལུས་ཀྱི་འབྲེལ་བའི་བར་གྱི་དགའ་རོགས་མའི་གམ་དུ།།
སྐྱིད་ལ་སྡུག་རོགས་མེད་པའི་འཚོ་བ་འདིས་གཞུག་ན།།
མ་འོངས་རེ་བ་ཡོད་སའི་ཁྱིམ་ཚང་ཞིག་མི་རིག།
འདི་ཉིད་དྲན་དུས་སེམས་ཀྱི་གཏིང་རིམ་གྱི་སྐྱུར་ཁ།།
འདོད་མེད་འཐུང་དགོས་ང་ཡི་ལས་དབང་གི་གནམ་འོག།
སོ་སོས་བཟོས་པའི་ནག་ཉེས་ལྕི་མོ་འདིས་ལན་ནམ།།
ཡང་ན་གཞན་དག་བསམ་པའི་འདུ་ཤེས་འདིས་ལན་ནམ།།
འཚོ་བ་ངན་ངན་ཞིག་གི་དགོས་མཁོ་ཞིག་རེད་དམ།།
རང་སྐད་རང་ཡུལ་མེད་པའི་གཞན་ཡུལ་གྱི་མི་ཚེ།།
ཅི་ཙམ་རོལ་ཡང་དེ་ཙམ་གོམ་ཐབས་ཤིག་དཀའ་བ།།
ང་ཉིད་གཅིག་བུའི་ལས་དབང་ཨེ་ཡིན་ནི་བསམ་གི།
ང་དང་འདྲ་བའི་རིགས་མཐུན་སྤུན་ཟླ་ཚོ་ཡོད་སའི།།
གླིང་ཕྲན་མི་གཅིག་འཛམ་གླིང་སོ་སོ་ན་གནས་པའི།།
སྤུན་ཟླ་ཀུན་ལ་ཚོར་བ་འདི་འདྲ་རང་ཡོད་སྲིད།།
ཡོད་ན་ཡོད་པའི་དགའ་སྐྱོ་ཡིག་གཟུགས་སུ་བྲིས་དེ།།
རང་རིགས་རྗེས་རབས་ནོར་བའི་ལམ་ཕྲན་འདིར་མི་ཞུགས།།
ཆེད་དུ་ང་ཚོས་ཉམ་མྱོང་དམར་པོ་དག་གླེང་ན།།
རིགས་ཀྱི་སྲུ་ཞུ་ཟེར་བ་དེ་འདྲ་ཞིག་ཡིན་འགྲོ།