རྒྱ་ནག་གིས་དྲ་ཐོག་ཞིབ་བཤེར་སྟངས་འཛིན་མ་ལག་རྒྱལ་ཁབ་གཞན་ལ་ཕྱི་འདྲེན་བྱེད་བཞིན་པ།

ད་ལྟའི་ཆར་འཛམ་གླིང་ནང་དྲ་རྒྱའི་རང་དབང་སྟངས་འཛིན་བྱེད་པའི་ནུས་པ་ཆེ་ཤོས་གྲས་རྒྱ་ནག་རྒྱལ་ཁབ་ཀྱིས། དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་གཞན་ལ་ཡང་དྲ་ཐོག་ཞིབ་བཤེར་དང་སྟངས་འཛིན་གྱི་མ་ལག་ཕྱི་འདྲེན་བྱེད་བཞིན་པའི་དཔྱད་ཞིབ་སྙན་ཐོ་ཞིག་ཐོན་འདུག

ཟླ་༡༡ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨན་ཨན་ཐོག་སྤེལ་བའི་དཔྱད་བརྗོད་གཅིག་ནང་། ལོ་བརྒྱད་རིང་བསྟུད་མར་རྒྱལ་སྤྱིའི་ནང་དྲ་རྒྱའི་རང་དབང་ཉམས་རྒུད་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གིས་ཨུ་རུ་སུ་དང་ཨ་ཧྥི་ར་ཀའི་རྒྱལ་ཁབ་ཁག་ཅིག་དང་དཀྱིལ་ཤར་ཡུལ་གྲུ་ཁག་ཅིག་ལ། ལོ་མང་རིང་ཡར་རྒྱས་དང་བཀོལ་སྤྱོད་བྱེད་བཞིན་པའི་དྲ་ཐོག་སྟངས་འཛིན་དང་ཞིབ་བཤེར་གྱི་མ་ལག་ཕྱི་འདྲེན་བྱེད་བཞིན་ཡོད་པ་དེ་ནི་ཛ་དྲག་གི་གནས་སྟངས་ཤིག་ཡིན་སྐོར་བྲིས་འདུག

དེ་བཞིན་དྲ་ཐོག་སྟངས་འཛིན་དང་ཞིབ་བཤེར་ཐོག་གི་ཆེད་ལས་པ་མང་པོས་ཚོད་དཔག་བྱས་པ་ལས་བརྒལ་ཏེ། ད་ལྟའི་ཆར་རྒྱ་ནག་གི་དྲ་ཐོག་སྟངས་འཛིན་དང་ཞིབ་བཤེར་གྱི་ལས་དོན་ཐད། རྒྱལ་སྤྱིའི་ནང་གྲུབ་འབྲས་ཆེ་ཤོས་ཐོན་མཁན་གྲས་ཡིན་པ་དང་། དྲ་ཐོག་ཟིན་བྲིས་དང་སྤྱི་ཚོགས་དྲ་ལམ། དེ་བཞིན་ཨ་རིའི་འཚོལ་ཞིབ་མ་ལག་ཁག་སོགས་ལ་ཞིབ་བཤེར་སྟངས་འཛིན་ནན་པོ་བྱེད་ཐུབ་ཀྱི་ཡོད་ཁར། ཞིབ་བཤེར་སྟངས་འཛིན་གྱི་མ་ལག་ལས་བརྒལ་ནས་འཚོལ་ཞིབ་བྱེད་ཆེད་ཀྱི་མ་ལག་(VPN)དེ་འགོག་ཐབས་བྱེད་བཞིན་ཡོད་འདུག མ་ལག་དེའི་འགན་འཛིན་གྱིས་དེ་སྔོན་ཡིན་ན། བདུན་ཕྲག་དྲུག་རེའི་ནང་རྒྱ་ནག་གིས་ཁོ་ཚོའི་མ་ལག་དེ་འགོག་ཐབས་བྱེད་ཀྱི་ཡོད་ཀྱང་། དེང་གི་ཆར་ཉིན་རེར་ཐེངས་མང་འགོག་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

 

ཕྱི་ལོ་༢༠༡༨ ལོའི་རང་དབང་ཁང་པའི་སྙན་ཐོའི་ནང་དུ། རྒྱལ་སྤྱིའི་ཁྱོན་ཡོངས་སུ་ལོ་བརྒྱད་རིང་བསྟུད་མར་དྲ་རྒྱའི་རང་དབང་ཉམས་རྒུད་ཕྱིན་ཡོད་པ་དང་། དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས། རྒྱ་ནག་གི་དྲ་ཐོག་ཞིབ་ཤེར་སྟངས་འཛིན་དང་བྱ་རའི་མ་ལག་དང་ལེན་བྱེད་བཞིན་ཡོད་པ། དེ་བཞིན་དེ་སྔོན་མཁས་པ་མང་པོ་ཞིག་གིས་དྲ་རྒྱ་བཀོལ་སྤྱོད་ལ་བརྟེན་ནས་རང་དབང་དང་མང་གཙོ་ཁྱབ་སྤེལ་ཆེན་པོ་འགྲོ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་། དེང་གི་ཆར་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་མང་པོས་དྲ་རྒྱ་ཞིབ་བཤེར་སྟངས་འཛིན་བྱས་ཏེ། མི་མང་གི་བློ་སྣ་འགྱུར་ཆེད་དང་། གཞུང་དང་བློ་ཁ་མི་མཐུན་མཁན། དེ་བཞིན་སྐྱོན་བརྗོད་བྱེད་མཁན་རྣམས་འཛིན་བཟུང་བྱེད་ཆེད་བྱེད་བཞིན་ཡོད་སྐོར་བརྗོད་འདུག

དཔྱད་བརྗོད་དེའི་ནང་མཉམ་འབྲེལ་རྒྱལ་ཁབ་ཀྱི་དྲ་རྒྱ་དང་ཏར་འཕྲིན་སོགས་འབྲེལ་ལམ་གྱི་ལྷན་ཚོགས་སུ། རྒྱ་ནག་གིས་དབང་ཤུགས་རྒྱ་བསྐྱེད་བྱས་ཏེ། དྲ་ཐོག་ཞིབ་བཤེར་སྟངས་འཛིན་གྱི་སྲིད་བྱུས་དེ་རྒྱ་ནག་གི་ལང་ཕྱོགས་དང་མཐུན་པ་བཟོ་ཐབས་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༥ ལོར་རྒྱ་ནག་གི་དབང་ཤུགས་ལ་བརྟེན་ནས་ལྷན་ཚོགས་དེའི་ནང་རྒྱལ་ཁབ་སོ་སོར་དྲ་ཐོག་སྲིད་བྱུས་བཟོ་བའི་དབང་ཚད་མང་དུ་བཟོས་ཡོད་ཀྱང་། དབང་ཚད་དེའི་ནང་སྨྲ་བརྗོད་རང་དབང་དང་མང་གཙོ་སོགས་ཀྱི་ཐ་སྙད་མེད་པ་བཟོ་ཐུབ་མེད་པ་རེད་འདུག

ད་ལྟའི་ཆར་རྒྱལ་ཁབ་༥༧ གྱིས་རྒྱ་ནག་ནས་དྲ་ཐོག་ཞིབ་བཤེར་སྟངས་འཛིན་གྱི་མ་ལག་དང་བྱ་རའི་འཕྲུལ་ཆས་ཉོས་པའམ། རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་སྟངས་འཛིན་གྱི་སྦྱོང་བརྡར་ལ་མཉམ་ཞུགས་བྱས་ཡོད་པ་རེད་འདུག་པས། རང་དབང་ཁང་པའི་སྙན་ཐོའི་ནང་། དེང་གི་ཆར་རྒྱལ་སྤྱིའི་ནང་ཨ་རིའི་འགོ་ཁྲིད་ནུས་པ་ཉམས་རྒུད་དུ་འགྲོ་བཞིན་པ་དང་བསྟུན། རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལས་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད་པས། འཕེལ་ཕྱོགས་དེས་རྒྱ་ནག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་མང་པོ་ཞིག་རང་གི་ཁེ་ཕན་དང་མཐུན་པ་བཟོ་བའི་བློ་ཁོག་ཆེ་རུ་འགྲོ་རྒྱུ་ཡིན་པས། མང་གཙོའི་རྒྱལ་ཁབ་ཚོས་རྒྱ་ནག་གི་དབང་ཤུགས་རྒྱ་བསྐྱེད་ལ་ཁ་གཏད་ཐབས་བྱུས་ལྡན་པ་བྱེད་དགོས་པ་ཆགས་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།