བཤད་གྲྭ་དང་ཚན་རྩལ་སློབ་ཚན་དབུ་འབྱེད་གནང་བ།

སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་གསང་སྔགས་དར་རྒྱས་གླིང་ཐོག་མར་དབུ་འཛུགས་གནང་བ་དང་སྦྲགས། དེང་རབས་ཀྱི་ཚན་རྩལ་ལས་“རྩོལ་བྱུང་རིག་ལྡན་”གྱི་སློབ་ཚན་ཞིག་དབུ་འབྱེད་གནང་སོང་།

ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་མན་ཌི་རྫོང་ཁོངས། ཅོན་ཏ་རར་རྟེན་གཞི་བྱས་པ་གཏེར་ཆེན་ཁམས་པ་ཉི་མ་གྲགས་པའི་ཟབ་གཏེར་རྒྱུད་འཛིན་པ་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་གསང་སྔགས་དར་རྒྱས་གླིང་ཐོག་མར་དབུ་འཛུགས་དང་འབྲེལ། དེང་རབས་ཀྱི་ཚན་རྩལ་ལས་“རྩོལ་བྱུང་རིག་ལྡན་”གྱི་སློབ་ཚན་བཅས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཨ་ལུའུ་ཝཱ་ལི་ཡ་མཆོག་གིས་དབུ་འབྱེད་གནང་ཡོད་པ་དང་། ཉིན་དེའི་ཕྱི་དྲོ་ཆུ་ཚོད་༤ དང་ཕྱེད་ཙམ་གྱི་ཐོག སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་གློག་འཕྲུལ་དང་བརྡ་འཕྲིན་བཟོ་ལས་རིག་རྩལ་བློན་ཆེན་ཨ་ལུའུ་ཝཱ་ལི་ཡ་(Mr. S.S. Ahluwalia, minister of state, electronic and information technology. Govt. of in India)མཆོག་དང་། དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། དམིགས་བསལ་སྐུ་མགྲོན་མཁན་ཆེན་རྣམ་གྲོལ་ཚེ་རིང་། དམིགས་བསལ་སྐུ་མགྲོན་རི་མགོ་སྤྲུལ་སྐུ་རིན་པོ་ཆེ། དམིགས་བསལ་སྐུ་མགྲོན་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ། སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་ཁག་ཅིག་དང་། ཉེ་འཁོར་གྱི་ས་གནས་འགོ་འཛིན་རྣམ་པ་དང་། སློབ་གྲྭ་ཁག་གི་སྐུ་ཚབ་དང་མི་མང་བཅས་འཛོམས་ཤིང་། ཐོག་མ་སྐུ་མགྲོན་གཙོ་བོས་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་དུ་སློབ་ཚན་གསར་འཇུག་བྱས་པའི་དེང་དུས་ཀྱི་ཚན་རྩལ་ལས་རྩོལ་བྱུང་རིག་ལྡན་ནམ། Maker Space (New Era in A.I.~Artificial Intelligence) སློབ་ཁང་གི་དར་ཚོན་གཅོད་འབྲེག་གནང་བ་དང་། འབྲེལ་ཡོད་དགེ་རྒན་གྱིས་འཕྲུལ་ཆས་དང་བཟོ་རྩལ་སོགས་སྐུ་མགྲོན་རྣམས་ལ་ངོ་སྤྲོད་ཞུས་སོང་།

དེའི་རྗེས་སུ་ཟབ་གསང་ཆོས་འཁོར་གླིང་གི་མདུན་ཐང་དུ་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སོང་བ་དང་། ཐོག་མ་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་དབྱེ་གྲུབ་རྗེས། ཟབ་གསང་ཆོས་འཁོར་གླིང་གི་བསྟན་བདག་ཤར་སྤྲུལ་དམ་ཆོས་རིན་པོ་ཆེས་སྐུ་མགྲོན་ཡོངས་ལ་འཚམ་འདྲི་དང་། སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་འདི་ཉིད་ཕྱི་ལོ་༢༠༡༤ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་གནང་ནས་ལོ་བཞི་ཙམ་སོང་བ་རེད། མགོན་པོ་གང་ཉིད་ཀྱི་བཀའ་དགོངས་ལམ་སྟོན་བཞིན། ལོ་འདིར་སྒྲུབ་གྲྭ་གསར་འཛུགས་བྱས་ཟིན་ཅིང་། ད་ལན་བཤད་གྲྭ་གསར་འཛུགས་ཐུབ་པ་བྱུང་སོང་། སློབ་གྲྭ་ནི་དགོན་པ་དབུ་འབྱེད་མ་བྱས་པའི་སྔོན་ནས་གསར་འཛུགས་བྱས་ཡོད། དགོན་པ་ཞིག་ལ་མཚོན་ན་སློབ་གྲྭ་དང་། བཤད་གྲྭ། སྒྲུབ་གྲྭ་བཅས་མེད་ན་ཆ་ལག་མ་ཚང་བ་ཞིག་ཏུ་གྱུར་ཡོད་པ་དང་། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྙིང་དོན་ལུང་རྟོགས་གཉིས་ལ་ཐུག་ཡོད་པས་ལུང་གི་བསྟན་པ་ལ་འཆད་ཉན་དང་། རྟོགས་པའི་བསྟན་པ་ལ་སྒོམ་སྒྲུབ་དགོས་པ་གལ་ཆེར་མཐོང་ནས་ལོ་འདིར་བཤད་གྲྭ་དང་སྒྲུབ་གྲྭ་གསར་འཛུགས་ཐུབ་པར་དགའ་སྤོབས་བྱུང་ཚུལ། དེ་བཞིན་དེང་རབས་ཀྱི་ཚན་རྩལ་ལས་རྩོལ་བྱུང་རིག་ལྡན་གྱི་སློབ་ཚན་གསར་འཛུགས་བྱས་ཡོད་པ་དང་། ད་ལྟའི་དུས་འདིར་ཚན་རྩལ་གྱིས་མི་བེད་སྤྱོད་གཏོང་གི་ཡོད་པ་ལྟ་བུར་གྱུར་ཡོད་པ་དང་། དཔེར་ན་མི་བགྲེས་སོང་རྣམས་ཀྱིས་ཀྱང་ལག་ཐོགས་ཁ་པར་ལ་བལྟ་བ་ལས། མ་ཎི་འདོན་པ་དང་འཁོར་ལོ་སྐོར་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་ཚན་རྩལ་མིས་བེད་སྤྱོད་བཏང་ནས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་ཐབས་སོགས་ལ་དམིགས་ཡོད་ཚུལ་སོགས་གསུངས་སོང་།

དེའི་རྗེས་སུ་ཐའེ་ཝན་ནས་ཕེབས་པ་བསྟན་པའི་སྦྱིན་བདག་དང་དེང་དུས་ཚན་རྩལ་ལས་རིགས་ཀྱི་སྐོར་ལ་མཁས་དབང་ཀྲེ་རིས་ཆིང་(Mr. Terry Cheng)གིས། ཉིན་འདིར་གསར་དུ་དབུ་འབྱེད་བྱས་པ་དེང་དུས་ཀྱི་ཚན་རྩལ་ལས་རྩོལ་བྱུང་རིག་ལྡན་གྱི་སློབ་ཚན་གྱི་གལ་གནད་དང་འབྲེལ་བའི་སྐོར་གསུང་བཤད་གནང་རྗེས། དམིགས་བསལ་སྐུ་མགྲོན་རྣམ་གྲོལ་གླིང་གི་མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེས་དགོན་འདིར་བཤད་གྲྭ་གསར་འཛུགས་གནང་བར་བསྔགས་བརྗོད་དང་། བཤད་གྲྭ་འདིའི་མཚན་ཡང་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེས་“སྔ་འགྱུར་མཐོ་སློབ་གསང་སྔགས་དར་རྒྱས་གླིང་”ཞེས་བསྩལ་བ། ད་ལན་ཁོང་བཤད་གྲྭ་དབུ་འཛུགས་སྐབས་འདིར་ཕེབས་ནས་དཔེ་ཁྲིད་དབུ་འཛུགས་གནང་དགོས་པའི་རྒྱུ་མཚན་ནི། དགོན་འདིའི་བསྟན་བདག་ཤར་སྤྲུལ་དམ་ཆོས་རིན་པོ་ཆེས་ཁོང་ལ་ཡང་ཡང་བཀའ་མངགས་གནང་བ་དང་། ལྷག་པར་དུ་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་གཏེར་ཆེན་ཉི་གྲགས་ཀྱི་ཟབ་ཆོས་རྒྱུད་འཛིན་གནང་མཁན་ཡིན་ཞིང་། ཉི་གྲགས་ཀྱི་ཟབ་ཆོས་རྒྱུད་འཛིན་གནང་མཁན་སྔ་འགྱུར་གྱི་མ་དགོན་ཆེན་པོ་དྲུག་གི་ནང་ནས་གྲུབ་དབང་རྫོགས་པའི་ཆོས་བརྒྱུད་ཡིན་པར་བརྟེན། མཁན་པོ་རྣམ་གྲོལ་ཁོང་ནི་རྒྱལ་བ་རྫོགས་ཆེན་པའི་མཁན་ཆེན་བརྩོན་འགྲུས་ཀྱི་སློབ་མ་རྒན་གྲས་ཤིག་དང་། རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་དུ་བཤད་གྲྭ་གསར་འཛུགས་སྐབས་མཁན་པོ་བརྩོན་འགྲུས་གདན་འདྲེན་ཞུ་མཁན་དང་། སྐབས་དེར་ཞབས་འདེགས་ཞུ་མཁན་ཡང་ཡིན་པ་བཅས་ལ་བརྟེན་ནས་ཡིན་ཚུལ། མ་འོངས་པར་བཤད་གྲྭ་འདིར་ཐོས་བསམ་སློབ་གཉེར་གྱི་ཐོག་ནས་གྲུབ་འབྲས་ཡག་པོ་ཡོང་བའི་རེ་དང་སྨོན་ལམ་ཡོད་ཚུལ་སོགས་གསུང་བཤད་གནང་སོང་།

དེའི་རྗེས་སུ་དམིགས་བསལ་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་འདི་ཉིད་༧གོང་ས་མཆོག་གིས་དབུ་འབྱེད་མཛད་ནས་ལོ་བཞི་ལས་སོང་མེད་པ་དང་། སྐབས་དེར་༧གོང་ས་མཆོག་གི་ཐུགས་རེ་དང་ལམ་སྟོན་གནང་བ་བཞིན་བཤད་སྒྲུབ་གང་ཐད་ནས་འབད་བརྩོན་དང་ཡར་རྒྱས་ཆེན་པོ་སོང་བར་བཀའ་ཤག་དང་། ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ནས་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞེས་གསུངས་སོང་། དེ་བཞིན་༧གོང་ས་མཆོག་གི་རྩ་བའི་དགོངས་གཞི་གསུམ་དང་ཕྱིས་སུ་གསར་སྣོན་གནང་བ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་རྒྱ་གར་དུ་བསྐྱར་གསོ་ཡོང་ཐབས་དགོས་པའི་དགོངས་གཞི་བཅས་ཀྱི་སྐོར་ངོ་སྤྲོད་དང་། དཔལ་ན་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་དྲི་མ་མེད་པ་རྒྱུད་འཛིན་དང་དར་སྤེལ་དགོས་པ་གལ་ཆེ་བ་དང་། དགོན་པ་འདི་ཉིད་དབུ་འཛུགས་གནང་ནས་རྒྱུན་རིང་སོང་མེད་ཀྱང་༧གོང་ས་མཆོག་གི་དགོངས་གཞི་བཞིན་ཚན་རྩལ་གྱི་སློབ་ཚན་ཡང་གསར་འཛུགས་གནང་ཐུབ་པར་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་སོང་།

མཚམས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་གློག་འཕྲུལ་དང་བརྡ་འཕྲིན་བཟོ་ལས་རིག་རྩལ་བློན་ཆེན་ཨ་ལུའུ་ཝཱ་ལི་ཡ་མཆོག་གིས་དགོན་པ་དེ་ནས་འབྲིང་རིམ་སློབ་ཐོན་པ་རྣམས་ལ་སློབ་ཐོན་ཕྱག་ཁྱེར་གནང་བ་དང་། ཤར་སྤྲུལ་དམ་ཆོས་རིན་པོ་ཆེས་སྐུ་མགྲོན་གཙོ་བོ་མཆོག་ལ་ལེགས་སྐྱེས་སུ་སྟོན་པའི་ཐང་ག་ཞིག་འབུལ་ལམ་ཞུས་རྗེས། སྐུ་མགྲོན་གཙོ་བོ་མཆོག་གིས་དེ་རིང་ང་འདིར་ཡོང་དགོས་དོན་དཔལ་ན་ལེནྡྲ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་གཉེར་གནང་སའི་ལྟེ་གནས་ཤིག་དབུ་འབྱེད་གནང་རྒྱུ་དང་། ལྷག་པར་དུ་ད་ལན་འདིར་དབུ་འབྱེད་གནང་བའི་དེང་དུས་ཀྱི་ཚན་རྩལ་ལས་རྩོལ་བྱུང་རིག་ལྡན་ནམ། Maker Space (New Era in A.I.~Artificial Intelligence) དེ་ང་རང་གི་ལས་འགན་དངོས་དང་འབྲེལ་བ་ཡོད་པ་སོགས་ལ་བརྟེན་ནས་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ལན་གྱི་སློབ་ཚན་འདི་མ་འོངས་པར་རྒྱ་གར་རྒྱལ་ཡོངས་སུ་སྦྱོང་འདོད་ཡོད་མཁན་ཆ་ཚང་ལ་ཁྱབ་ཐུབ་པའི་རེ་བ་ཡོད་ཚུལ་སོགས་བཀའ་སློབ་གནང་སོང་།

དེའི་རྗེས་སུ་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མས། དེ་རིང་འདིར་དུས་ཚོད་ཀྱི་ཆ་ནས་སྐད་ཆ་མང་པོ་བཤད་ཀྱི་མིན། གཙོ་བོ་ཟབ་གསང་ཆོས་འཁོར་གླིང་གི་བཤད་གྲྭ་གསར་འཛུགས་གནང་བ་དང་། ལྷག་པར་དུ་དེ་རིང་རྒྱ་གར་བློན་ཆེན་མཆོག་ཕེབས་ནས་དབུ་འབྱེད་གནང་བ་སོགས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་། མཇུག་ཏུ་ཟབ་གསང་ཆོས་འཁོར་གླིང་གི་མཁན་པོ་ཐུབ་བསྟན་འཇམ་དཔལ་གྱིས་སྐུ་མགྲོན་དང་མི་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་ཡོད་པ་དང་། སྐུ་མགྲོན་དང་མི་མང་ཡོངས་ལ་དགོང་མོའི་གསོལ་ཚིགས་ཕུལ་གྲུབ་རྗེས་གཞས་སྣ་འཁྲབ་སྟོན་ཡང་གོ་སྒྲིག་ཞུས་ཡོད་པ་རེད།

 

དགོན་འདིའི་བཤད་གྲྭ་དབུ་འཛུགས་དངོས་ནི། ཕྱི་ལོ་༢༠༡༨ ཟླ་༡༠ ཚེས་༣༡ བོད་ཟླ་དགུ་པའི་ཚེས་༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན། གདན་ས་ཆེན་པོ་རྣམ་གྲོལ་གླིང་གི་མཁན་ཆེན་རྣམ་གྲོལ་གྱིས་བཤད་གྲྭ་བ་རྣམས་ལ་བྱང་སེམས་སྤྱོད་འཇུག་ཆེན་མོའི་དཔེ་ཁྲིད་དབུ་འཛུགས་གནང་ནས་ཉིན་བཅུའི་རིང་དཔེ་ཁྲིད་གནང་ཡོད་པ་རེད།།