གངས་ཅན་བུ་རབས་གསར་པའི་ན་ཚ།

 

གོས་སྔོན་ཅན་གྱི་རུ་སྟར་བསྒྲིགས་པ་དེ།།

གངས་ལྗོངས་དབའ་བོའི་སྙིང་སྟོབས་འཇོམས་པ་མེད།།

གངས་རི་བུ་ཡི་སྙིང་སྟོབས་གསོ་བ་ལས།།

མེ་ལྕེ་འཇོམས་པའི་ཆབ་ཆུ་ག་ལ་ཡིན།།


འཛིན་མའི་ལྟོ་བ་ཕྲལ་ནས་གཏེར་བཏོན་དེ།།

ན་ཚ་འཇོམས་པའི་གཤག་བཅོས་ག་ལ་ཡིན།།

ཁོང་ཁྲོའི་ཁྲག་གི་རྒྱུན་དེ་འཁྱོལ་བ་ལས།།

གངས་ཅན་གཞོན་ནུའི་ན་ཚ་ཤིན་ཏུ་མཆེད།།


ལམ་གྱི་གདོང་ངོས་ཁྲ་སིང་ཙམ་གྱི་ནི།།

ཤིན་ཏུ་གསར་སྐྲུན་ཆེར་སྐད་བསྒྲགས་མོད་ཀྱང་།།

གཡོ་ཅན་སྒེག་མའི་ཞལ་མཆུ་དམར་བ་དེས།།

གངས་ཅན་བུ་ཡི་སེམས་པ་ག་ནས་བསླུ།།


འབྲལ་མེད་ཆ་ཤས་བསྒྲགས་པའི་སྐད་མཐོ་ཡང་།།

དོན་ལ་ཆོལ་གསུམ་ཕོ་མོའི་ཟུང་ཁྲག་ལས།།

གངས་དཀར་ཤོག་བུའི་ཐོག་ཏུ་ལོ་རྒྱུས་ཕབ།།

འབྱུང་འགྱུར་བུ་རབས་གསར་པས་མ་མཐོང་ཅི།།


ཡར་ཐོན་རྒྱལ་ཁབ་མང་པོས་གཅིག་མཐུན་གྱིས།།

ཞིི་བདེ་དེད་དཔོན་མཚན་སྙན་ཕུལ་བ་ལ།།

འཇིགས་སྐུལ་ཁ་བྲལ་སོགས་ཀྱི་གཏམ་བཤད་དེས།།

སྐྱག་དྲི་ཕྱི་རུ་དྲོ་བར་སུ་ཞིག་མགུ།།


སུ་ཞིག་ལ་ཡང་གཟིགས་པ་གཉིས་མེད་པའི།།

ཐུགས་རྗེའི་ཞི་བདེ་དཀར་པོའི་འོད་གང་བར།།

དབྲལ་བྱ་མེད་པའི་ཁ་བྲལ་རིང་ལུགས་ཞེས།།

ཚེ་གང་ཕྱི་ཡུལ་བརྫངས་པའི་འགན་དེ་ལྕི།།


མདོ་དབུས་ཁམས་ཀྱི་སྐྱེ་བོའི་ཁོག་པ་ལས།།

དམར་ཆུང་སྙིང་ཟླུམ་བཏོན་ཏེ་ནད་གྲོལ་བའི།།

ཐབས་ཚུལ་བསྲིངས་པའི་དམར་པོའི་དབང་འཛིན་གང་།།

བླུན་པོའི་སྤྱང་ཁུལ་ཟློས་གར་ངོ་མཚར་ཆེ།།


ཉམ་ཆུང་མེས་པོ་ཕོ་མོ་སྤུན་མཆེད་སོགས།།

གདུག་སྤྱོད་གྲངས་མེད་འོག་ནས་སྦྱར་བའི་མཐར།།

མེ་མདའི་ཁ་སོའི་ལམ་དུ་བསྒྱུར་བ་དེས།།

ཁྲིམས་མཐུན་ཡིན་ཞེས་བདེན་དཔང་ཇི་ལྟར་སྒྲོགས།།


གལ་ཏེ་དབང་འཛིན་ཁྱོད་ལ་ལྐོག་ཟ་སོགས།།

ཁྲིམས་འགལ་བཏགས་ནས་མནར་གཅོད་སྦྱོར་བ་དང་།།

མེ་མདའི་ལྕགས་རིང་ལྟག་ཁུང་འཇོག་པ་ན།།

དེ་ཚེ་ཁྱོད་ཀྱི་བསམ་པ་ག་ལ་བསྒྱུར།།


མེས་རྒྱལ་གཅིག་གྱུར་སྐད་བསངས་མཐོ་མོད་ཀྱང་།།

སོ་སོའི་མེས་རྒྱལ་སོ་སོས་བསྐྱང་བ་ལས།།

རྔམ་ཆེན་མཆེ་བ་བགྲོད་ཉེན་ཤོར་བ་ན།།

རྔོན་པའི་མདའ་སོའི་ཁ་ལ་འགྲོ་ཉེན་ཆེ།།


འབངས་མིའི་བདེ་སྡུག་རྟག་ཏུ་ཁར་ཁྱེར་ནས།།

མི་རིགས་གཞི་རྩ་བརླག་པའི་སྲིད་ཇུས་འཛིན།།

ཕྱི་རུ་མི་མངོན་ནང་རོལ་རྔམ་པ་ཡི།།

སྲིན་བུའི་མཆེ་བས་གཙིགས་པ་སྡོད་བཟོད་ཅི།།