ཏོག་ཙམ་མིན་ན་ཚོགས་གཙོ་ཆོས་ཐོག་བཀྱག་སོང་།

དེང་སང་གི་སྤྱི་འཐུས་གྲོས་ཚོགས་འདི་གདོན་ཞུགས་པ་ཡིན་ན་འདྲ། གང་ལྟར་གྲོས་ཚོགས་ཚོགས་དུས་བརྒྱད་པ་བཟུང་མ་འདྲ་བ་ཞིག་ཆགས་འདུག ཟླ་༩ ཚེས་༡༧ ཉིན་གྲོས་ཚོགས་མཇུག་བསྡོམས་རྒྱག་གྲབས་ཡོད་པའི་སྐབས་སུ། དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ཀྱིས་རང་ཉིད་ཀྱི་སྒེར་དོན་དང་འབྲེལ་བའི་ཚིག་ཉོག་མང་པོ་ཞིག་སྐོར་བ་བརྒྱབ་ནས་བཤད་པའི་རྗེས་སུ། ཚོགས་གཙོ་ཟུར་པ་དང་ལས་ཐོག་པ་གཉིས་ཚོགས་གཙོ་ཡོང་སྟངས་དེ་ཁྲིམས་འགལ་ཡིན་པར་བརྗོད་སྐབས། ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཁྲིམས་འགལ་རེད་ལབ་ཀྱི་ཡོད་ན་ང་ད་ལྟ་ནས་གྲོས་ཚོགས་རྭ་བ་ནས་ཐོན་འགྲོ་གི་ཡིན། ང་ཁྲིམས་འགལ་བྱས་ནས་བསྡད་འདོད་མི་འདུག་ཅེས་ཐེངས་གཉིས་ཙམ་གསུངས་རྗེས། ཡང་བསྐྱར་ཐུབ་བསྟན་འཕེལ་རྒྱས་ལ་ཁྱོད་རང་གིས་ཁྲིམས་འགལ་ཞེས་པའི་ཚིག་དེ་ཕྱིར་འཐེན་བྱས་ན་མ་གཏོགས་ང་ལངས་ནས་འགྲོ་ཡི་ཡིན་ཞེས་གསུངས་དུས། གཞི་ནས་ཐུབ་བསྟན་འཕེལ་རྒྱས་ཀྱིས་གྲོས་ཚོགས་མུ་མཐུད་འགྲོ་ཐུབ་ཆེད་ངས་ཚིག་དེ་ཕྱིར་འཐེན་བྱེད་ཀྱི་ཡིན་ཞེས་བརྗོད་སོང་།

དེ་ནས་གཞི་ནས་གྲོས་ཚོགས་མུ་མཐུད་འགྲོ་ཐུབ་པ་བྱུང་བ་དང་། མཇུག་བསྡོམས་རྒྱག་ཐུབ་ཙམ་བྱུང་སོང་། ཚེས་༡༦ ཉིན་རྒྱབ་སྤྱི་འཐུས་རྣམས་ཡར་མར་འཁྱམ་ནས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་ཆུ་ཚོད་༣ པའི་རྗེས་སུ་མ་གཏོགས་འཚོག་ཐུབ་མི་འདུག དེ་དང་དེ་འདྲ་བ་གྲོས་ཚོགས་ནང་དུ་སྤྱི་འཐུས་ཕན་ཚུན་བར་ཁ་ངན་ཚིག་ངན་རྒྱག་རེས་དང་། རྣམ་འགྱུར་དེ་ཚོ་བལྟས་ན་ངོ་མ་ཁྱད་མཚར་འདྲ་ཞིག་རེད་འདུག མང་པོ་ཞིག་གི་སྐད་ཆ་བཤད་སྟངས་དེ་ནད་མ་འཁྱོག་པའི་དོན་དག་ཅིག་བཤད་ཀྱི་ཡོད་པ་ནང་བཞིན་ཚིག་ཅི་རྣོ་གང་རྣོ་བེད་སྤྱོད་བྱེད་ཀྱི་འདུག དེ་དག་ལ་བལྟས་ན་བོད་སྤྱི་པའི་རྩ་དོན་ཞིག་བགྲོ་གླེང་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་རྒྱུ་མི་འདུག

ན་ནིང་སྔོན་མ་ཞིག་ལ་ཡང་དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ཀྱིས་ཚོགས་གཙོ་ལ་མིའི་ངོ་ལ་བལྟས་ནས་སྟངས་འཛིན་བྱེད་ཀྱི་འདུག་ཅེས་ཚོགས་གཙོ་ལ་ཁ་ཐུག་རྒྱག་རེས་རྒྱག་གྲབས་བྱས་པའང་མཐོང་མྱོང་ཡོད། མདོར་ན། མི་འདི་ཚོའི་གྲས་ཡང་བསྐྱར་སྤྱི་འཐུས་ནང་གཏོང་གི་ཡོད་མེད་དགེ་ལུགས་པའི་གྲྭ་བཙུན་རྣམས་ཀྱིས་གཟིགས་པ་རྒྱ་མི་ཆུང་བ་ཞིག་གནང་རོགས།།