ཏཱ་ལའི་བླ་མའི་མི་མང་གི་གོ་རྟོགས།
གྲོས་འཆར་དེ་ཡོང་སྟངས་ཀྱི་ཆ་ནས་རོབ་བཤད་ཅིག་བྱས་ན། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ལ་མཁྱེན་ཡོན་ཡོད་པར་དམིགས་འབེན་བཟུང་ཁུལ་གྱིས། བཀའ་ཁྲིའི་ལས་ཡུན་དེ་ཐེངས་གཉིས་ཙམ་མིན་པ། ཡུན་ཚད་སྤར་རྒྱུའི་ཐད་ནུས་ཤུགས་སྤུངས་གང་ཐུབ་བྱས་པ་རེད། གྲོས་འཆར་འདི་ལྷག་བསམ་མ་དག་པའི་དབང་ཤུགས་འོག་ནས་བྱུང་ཡོད་པའང་ངོས་འཛིན་བྱེད་ཀྱི་མེད་ཀྱང་། བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་ཅུ་ང་གཅིག་ལ་ཕྱིར་བལྟས་ཐེངས་གཅིག་དང་ལྷན། བྱེད་སྟངས་འདི་ལ་གདོང་བཏུགས་ནས་ལྟ་ཡོང་དུས། བཙན་བྱོལ་བོད་པའི་མ་འོངས་སྔོན་དཔག་གི་དཔྱོད་ཤེས་སམ། ཡོང་འགྱུར་གྱི་ལོ་ཟླའི་ནང་གི་བོད་ལ་འགན་ཁུར་དང་དམིགས་རྒྱང་གང་འདྲས་ཡོད་མེད། དེ་ལས་ཀྱང་དགུང་གྲངས་བརྒྱད་ཅུ་ལ་ཉེ་བའི་༧གོང་ས་མཆོག་མེད་པའི་མུན་ནག་གི་ལོ་ཟླ་ཞིག་ཡོང་ངེས་པ་དག་ལ་བསམ་བཞིགས་དང་། འཆར་གཞིའི་བང་རིམ་གང་འདྲ་ཡོད་མེད་སོགས་ཀྱིས་མཚོན་པའི་གནད་འགག་མང་པོ་ཞིག་གསལ་སྟོན་བྱས་ཡོད་སྙམ། རྒྱུ་མཚན་འདི་དག་ལ་གཟས་ནས། ལས་ཐོག་བཀའ་ཁྲིས་ཀྱང་བློ་ཕམ་ཡོད་ཅེས་པ་དང་། ཐབས་སྡུག་རེད་གསུངས་པ་སོགས་ཀྱིས་གྲོས་འཆར་དེར་གསལ་བཤད་བྱ་དགོས་བྱུང་བ་རེད།
གཞན་ཡང་མ་འོངས་བོད་ལ་རླབས་ཆེན་དགོངས་བཞེད་ཀྱི་བདག་པོ་༧གོང་ས་མཆོག་གི་བཀའ་སློབ་གལ་ཆེན་ཞིག་སྟེ། “ང་ད་ལྟ་ཕྱེད་རྒན་ཡོལ་ཞུས་བསྡད་པ་འདི། ང་བོད་ལ་སེམས་ཤུགས་མེད་པ་དང་། བློ་སྟོབས་ཞུམ་བ་དེ་འདྲ་མིན་ཡང་། ངས་ལས་དཀའ་དེ་ལས་ཆེ་ཙམ་བྱས། ཁྱེད་ཚོས་བོད་སྤྱི་བའི་ལས་དཀའ་སྲ་ཐག་ཐག་བྱས་ཡོང་ན་ཡག་པོ་འདུག་ག་”གསུངས་པ་དང་། ཡང་ཁོང་གིས་“རྒྱ་མིས་ཕར་ཚད་དེར་ང་ཤི་སྒུག་བྱས་བསྡད་ཡོད་བ་རེད། ཁྱེད་ཚོས་ད་ལྟ་ནས་ང་མེད་པ་ནང་བཞིན་ལས་དཀའ་བྱོས་ཤོག་ཨ་”གསུངས་པའི་རྒྱ་ཆེ་ལ་གཏིང་ཟབ་པའི་བཀའ་སློབ་རིན་པོ་ཆེའི་དགོངས་གཞི་དག་གི་རྒྱབ་ལྗོངས་དང་།
གཟི་བརྗིད་འོད་སྟོང་འབར་བའི་དགོངས་བཞེད་དག་ལ་དད་གུས་དང་གོ་རྟོགས་གང་འདྲས་ཡོད་མེད། ད་དུང་ཕུགས་རྒྱང་རིང་པོའི་ལམ་སྟོན་བཟང་པོ་དག་ལ་རོ་མྱོང་ཅི་ཙམ་བྱས་ཡོད་མེད་དག་ཀྱང་ཐེར་འདོན་བྱས་པ་རེད་སྙམ།
རྒྱུ་མཚན་གང་ཡིན་ཟེར་ན། ལས་ཐོག་བཀའ་ཁྲི་ཟམ་གདོང་རིན་པོར་ཤེས་འཇོན་འདུག་ཟེར་ནས། ལོ་བཅུའི་རྗེས་སུ་ད་དུང་དེད་བསྡད་ན། ༧གོང་ས་མཆོག་བཞིན་ཟམ་གདོང་བླ་མ་མེད་པའི་དུས་སྐབས་ལའང་ང་ཚོས་བསམ་བློ་གཏོང་མེད་པའི་བདེན་དཔང་བྱས་ཡོད། དཔེར་ན་འདོ་བ་རྟ་ཞིག་ཡིན་ན། རྟ་དེ་རྒས་རྒས་བར་བཞོན་ནས་དེད་བསྡད་པ་དང་འདྲ་ལ། དེ་རྒས་འཁོགས་ཆགས་པ་དང་། ཤི་བ་སོགས་བྱུང་ཚེ་ད་གཟོད་རྟ་གསར་བ་ཞིག་འཚོལ་བ་དང་། དེའང་གཞི་ནས་ཁ་ཕབ་དགོས་པའི་གཅིག་མཚུངས་ཀྱི་གནས་ལུགས་ནི་གྲོས་འཆར་དེས་དྲུད་ཡོང་བའི་མ་འོངས་པའི་ང་ཚོའི་ཉེན་ཁ་རེད། མ་ཟད་༧གོང་ས་མཆོག་གིས་“ང་མི་གཅིག་རང་ལ་བསྟེན་འདུག་མི་དགོས་པ་ཞིག་བྱ་དགོས”གསུངས་པ་སོགས་ཀྱི་སློབ་སྟོན་ནོམ་ཆེན་རྣམས་དང་ཡང་རིགས་མཚུངས་འགལ་ཡོང་བ་ཞིག་རེད་ལ། དེ་བཞིན་བླ་ན་མེད་པའི་གཟིགས་རྒྱང་རིང་པོའི་ཐུགས་བཞེད་ཀྱི་དགོངས་དོན་དང་འགལ་བའི་ལྡོག་ཕྱོགས་ཀྱི་ཉེན་ཁ། དགྲ་བོ་དགྱེས་པའི་གོད་ཆག་གི་འགག་སྒོའང་ཡོངས་སུ་ཕྱེས་པ་རེད།
ཕྱོགས་གཅིག་ནས་བསམ་ན། བྱེད་སྟངས་འདི་དག་མང་གཙོའི་རྣམ་པ་དང་། རང་རང་གི་འདོད་མོས་ཕྱིར་འདོན་བྱེད་ཕོད་པ་སོགས་དེང་རབས་ཀྱི་སྡིང་ཆར་ཆས་བཞིན་པའི་མཐོང་སྣང་ལྡན་ཡང་། འབྱུང་འགྱུར་གྱི་བོད་ལ་རྟིང་ཚུགས་པའི་གྲ་སྒྲིག་མེད་པ་དང་། ༧གོང་ས་མཆོག་དང་ཟམ་གདོང་བླ་མ་མེད་པའི་ནམ་ཟླ་ལ་བོད་འདི་ཇི་ལྟར་འཚོ་སྡོད་བྱ་དགོས་པའི་བསམ་བཞིགས་བྱས་མེད་པའང་དེ་རང་གིས་བསྟན་ཡོད། ད་ལྟའི་བཀའ་ཁྲིའི་འོས་གཞིའི་ནང། གཞིས་ལུས་བོད་པས་རེ་བ་བཅོལ་སའི་བཙན་བྱོལ་ནང་དུ་སྐྱེས་ཤིང་། ཁོར་ཡུག་འདིའི་ནང་འཚར་ལོང་བྱུང་བའི་དེང་རབས་ཅན་གྱི་གཞོན་སྐྱེས་པ་ཡོད་ལ། དགྲ་བོའི་མནར་གཅོད་ཉམས་སུ་མྱངས་ཤིང་བོད་གཞིས་བྱེས་གཉིས་ལ་རྒྱུས་མངའ་ཟབ་པའི་བོད་མི་རྒན་པའང་ཡོད། མ་ཟད་བོད་ཕྱི་ནང་དང་ཁ་གཏད་དགྲ་བོ། དེ་བཞིན་རྒྱལ་སྤྱིའི་འགྱུར་འགྲོས་དང་ཆབ་སྲིད་རིག་པའི་སྐོར་ལ་ཆེད་ལས་པ་དང་། དེ་དག་ལ་ཆ་རྒྱུས་ཞིབ་མོར་ལྡན་པའི་ཕོ་རྒོད་པོ་རུ་བསྟར་བསྒྲིགས་ནས་གདམ་གསེས་བྱ་ཆོག་ཆོག་ཡོད་པའི་བསྐལ་བ་བཟང་པོའི་དུས་ཚིགས་ཤིག་ལས། མེད་ནས་བཙལ་དགོས་པའི་འུ་ཐུག་གི་གནས་སུ་གྱར་མེད་སྟབས།
ད་ལྟའི་ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་ལ་སློབ་སྦྱོང་མཐིལ་ཕྱིན་བྱས་ཏེ། ཕུགས་རྒྱང་མེད་པའི་གནས་སྐབས་ཀྱི་ཁེ་ཕན་ལ་དམིགས་ནས། ལྷ་མི་གྲོས་བསྡུར་གྱི་ལམ་ནས་མི་རིགས་དང་རྒྱལ་ཁབ། ལོ་རབས་དང་འཐབ་རྩོད་བཅས་ཕྱོགས་མང་པོ་ཞིག་ལ་ནན་པོར་བཞིག་སྟེ་བཟོས་པའི་རྩ་ཁྲིམས་རིན་པོར་བཅོས་བསྒྱུར་དང་སྐྱོན་བརྗོད་བྱ་ཆོག་ཆོག་ཞིག་བྱས་པ་ཡིན་ན། རང་ཁྲིམས་རང་གིས་བཤིག་སྟེ། རྩ་ཁྲིམས་ཟེར་བ་ག་དུས་ཀྱང་བསྒྱུར་ཆོག་ཆོག་གི་ཚོད་ལྟ་བྱ་ས་འདྲ་བོ་དང་། བརྒྱ་ཕྲག་འགའི་མིང་རྟགས་བེད་སྤྱད་ནས་རང་འདོད་ལྟར་བཅོས་ཆོག་པ་ཞིག་ལ་ངོས་འཛིན་ན། དེ་ནི་༧གོང་ས་མཆོག་མེད་པའི་ཕྱི་ཉིན་ནས་ཁྱེད་ཚོས་དེ་ལྟར་བྱ་དགོས་པའི་དགྲ་བོའི་གྲོས་གཞི་བཏོན་པ་ལྟ་བུ་ལས་ཅིའང་མིན།
གནས་ལུགས་ལྡན་པའི་ལས་ཤིག་བྱ་ན། མི་རབས་གསར་བའི་ཤེས་འཇོན་གྱི་ལམ་ནས་མ་འོངས་བོད་མིར་ཇི་ལྟར་གནས་སྡོད་བྱ་དགོས་པའི་སྐོར་ལ་གྲོས་གཞི་འདོན་པ་དང་། ཁོར་ཡུག་དང་གོ་སྐབས་བསྐྲུན་དགོས་པའི་དུས་ཚོད་འདི་ལ། ད་དུང་ང་ཚོས་ཐོག་མ་བཙན་བྱོལ་དུ་འབྱོར་དུས་ཀྱི་བསམ་བློ་དང་། གོ་རྟོགས་དེ་ད་དུང་རང་འཇག་ཁྱེར་བསྡད་ན། ང་ཚོ་གཞིས་བྱེས་ཁ་བྲལ་གྱི་སྡུག་བསྔལ་ཁྱེར་བསྡད་པ་སྡུག་གྱོང་ཅིག་ལས་གྲུབ་འབྲས་མེད་པ་དང་། གཞིས་བཞུགས་ཀྱི་ཤེས་ཡོན་པ་དང་བསམ་བློ་བ་དག་གི་ངོར་ང་ཚོས་གདོང་སྟོན་ཤེས་ཐབས་མེད་པ་རེད། དེ་བཞིན་དགྲ་མིས་སློབ་གསོ་ལོག་སྤྱོད་ཀྱི་བཙན་ཤུགས་འོག་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་ཆད་པ་དང་། བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་གཞན་བསྟུན་གྱི་འོག་ནས་འཚོལ་དགོས་པའི་གཤམ་འོག་གི་བོད་ཀྱི་མི་རབས་གསར་བས་གཙོས་རྒྱ་ཆེའི་མང་ཚོགས་སུན་སྣང་ངང་ཡིད་ཆེས་བརླག་པ་དང་། དགྲ་གཞུང་གིས་བཙན་བྱོལ་ནང་གི་མང་གཙོ་ལ་སྐྱོན་བརྗོད་བྱེད་བཞིན་པར་རམ་འདེགས་སུ་ཅིས་མི་འགྱུར། ད་དུང་འཛམ་བུ་གླིང་གི་སྔུན་ནས་བོད་མིའི་ཆབ་སྲིད་ཀྱི་བཀོད་བྱུས་དང་། མང་གཙོའི་གོ་རྟོགས་འདི་འདྲ་ཞིག་ལས་མེད་ཟེར་བ་ལྟ་བུའི་གནས་ཚུལ་བཞིན།
ང་ཚོའི་མི་ལོ་ལྔ་བཅུ་ང་གཅིག་རིང་གི་ཆབ་སྲིད་ཀྱི་ཤེས་རྒྱ་དང་། རྒྱལ་སྤྱིའི་ཁོར་ཡུག་གི་རྒྱུས་མངའ་འདི་ཙམ་ལས་རག་མེད་པའི་མངོན་རྟགས་འདིས་༧གོང་ས་མཆོག་ཀྱང་ཐུགས་ཕམ་ངེས་པ་ཞིག་རེད།
གང་ལྟར་ཡང་ལམ་འགྲོ་རྒྱུག་པ་ཞིག་ལ། གྲོས་འཆར་དེར་མང་མོས་བྱུང་མེད་པའི་ཉེར་ལེན་ལས་ད་རེས་རྩིས་མེད་སོང་ཡོད་ཀྱང་། རྗེས་ཕྱོགས་ལྷག་བསམ་དང་ཨུ་ཚུགས། ད་དུང་རྨོངས་ཞེན་གྱི་དམ་རྒྱ་ཁོ་ནའི་འོག་ནས་མཐའ་རྒྱ་མེད་པའི་ལས་དཀའི་རིགས་གཟབ་དགོས་པ་ནི་བོད་ཀྱི་རྩ་དོན་གནད་ཆེན་ཞིག་ལོས་ཡིན་ཞེས་མཇུག་བསྡུས་སོ།