ཁྱོད་ཀྱི་དཔའ་ངར།།
མི་མངོན་དུད་སྤྲིན་ནག་པོའི་གཤམ་འོག་ན།།
མི་ཁ་དགྲ་རུ་གཏད་པའི་ངན་བྱུས་ཁྲོད།།
མི་ཞུམ་ལོ་ཟླ་ཞག་གིས་འགྲིམས་ལུགས་འདི།།
མི་ཡི་དཔའ་རྩལ་ངོམས་པའི་དན་རྟགས་ཡིན།།
བགྲོད་དཀའི་བྲག་འཕྲང་དོག་མོའི་གཡང་གཟར་ཁྲོད།།
ངལ་བས་གདོང་ཁ་བྲག་ལ་གཏད་ལུགས་ཀྱིས།།
དཀར་མཛེས་བཞིན་རས་བཀྲ་བའི་གངས་རིའི་མདངས།།
མི་ཉམས་སྲིད་ན་བརྗིད་པའི་དཔའ་ཁ་རྒོད།།
སྨག་རུམ་མུན་པ་འཐིབས་པའི་ཁོར་ཡུག་འདིར།།
འཁྱར་འཁྱོར་རྡོག་སྣེ་རང་གིས་ཟིན་ཚོད་ཀྱིས།།
བར་མེད་མདུན་དུ་བསྐྱོད་པའི་གོམ་སྟབས་འདིས།།
སྣང་བའི་འོད་ཟེར་འབྱེད་པའི་གོ་སྐབས་བསྐྲུན།།
རྐང་ལམ་ཕྲ་མོར་ཡུན་གྱིས་དེད་ཤུལ་དུ།།
རི་ལམ་སྐྱ་མོར་རྐང་རྗེས་དཔར་ཙ་ན།།
ཕྲ་དོག་གདོན་གྱིས་བཟི་བའི་ཁྱི་སྤྱང་དག།
མུན་པའི་རི་ལུང་གསེབ་ན་ངུ་སྐད་འབྱིན།།
ཞིག་རལ་སོང་བའི་ཁ་མཁར་རྫོངས་སྐྱ་བོ་རུ།།
ཨ་འཐས་ཨུ་ཚུགས་ཅན་གྱིས་འཁྲེང་ལུགས་འདི།།
ས་མཐའི་རྒྱལ་ཁམས་འགྲིམས་པའི་འོད་བུ་ཆེར།།
གདོན་ཁས་མུན་པ་སྣང་བའི་སྔ་ལྟས་ཤིག།།
༢༠༡༠། ༩། ༢༨ ཉིན་སློབ་གྲྭའི་དཔེ་མཛོད་དུ་བྲིས།།