རྒྱ་རི་སྒྲོལ་མ་དང་བཀའ་ཁྲི་
འདི་ནི་ཕྱོགས་གཅིག་ནས་རང་ཉིད་རང་དབང་ལུང་པར་ཡོད་པའི་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་རང་དབང་དང་། རང་ཉིད་ཀྱི་དམངས་གཙོ་ཡོངས་རྫོགས་རང་ཉིད་ཀྱིས་ལོངས་སུ་སྤྱོད་པའི་མདུན་སྐྱོད་ཀྱི་རྣམ་པ་ཞིག་དང་། དམངས་གཙོ་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་འགྲོ་བའི་རྣམ་པ། བཙན་བྱོལ་བོད་མི་རྣམས་དེང་རབས་ཀྱི་རྗེས་སུ་སྙེག་སྟེ། བོད་མིའི་རྩ་དོན་དང་སྤྱི་ཚོགས་ལ་དོ་སྣང་ཆེ་རུ་ཕྱིན་པའི་རྣམ་པ་བཅས་དེ་རིང་གི་འཁྲུགས་ཆ་དོད་པའི་འོས་བསྡུ་འདིའི་གསེང་ནས་མཐོང་ཐུབ་པ་ཞིག་རེད།
འོན་ཀྱང་ཡང་ཕྱོགས་གཞན་ཞིག་ནས་ལྟས་པ་ཡིན་ན། འཁྲུགས་ཆ་འདི་ནི་ཆོལ་ཁ་དང་ཆོལ་ཁའི་བར། ཆོས་ལུགས་དང་ཚོགས་པ། ལུང་ཚན་དང་ལུང་ཚན་བར་གྱི་ཕྱོགས་ཞེན་དང་། འཐེན་ཁྱེར་ཀྱིས་བཞེངས་པའི་འཁྲུགས་ཆ་ཞིག་ཀྱང་མིན་མི་སྲིད་པ་རེད། ད་དུང་འདིའི་ཁྲོད་ནས་དཔོན་པོས་དབང་ཤུགས་ཀྱིས་འོས་གཞི་སྒྱུར་བ། གྲོགས་པོ་དང་ཉེ་འབྲེལ་གྱིས་འོས་གཞི་སྒྱུར་བ། རྒྱུ་དང་དཔལ་འབྱོར་གྱིས་འོས་གཞི་སྒྱུར་བ་སོགས་གང་ཟང་སྒེར་གྱི་རང་དབང་དང་། ཐོབ་ཐང་ཡོད་ཚད་འཕྲོག་པའི་འཇམ་རྩུབ་སྣ་ཚོགས་ཀྱི་ལས་འགུལ་འདྲ་མིན་ཞིག་ཀྱང་འཁྲུགས་ཆ་འདིའི་ཁྲོད་ནས་མཐོང་ཐུབ་པ་ཞིག་རེད།
ད་ལྟ་འཁྲུགས་ཆ་དོད་པའི་ལས་འགུལ་འདི་དག་ནི་སུས་ཀྱང་ཡག་ཉེས་ཕྱེ་མི་ཐུབ་ཀྱང་། བསླེབ་ལ་ཉེ་བའི་སྐབས་གསུམ་པའི་བཀའ་ཁྲི་འོས་ཤོག་དེས་ཁ་ཚོན་གསལ་པོ་ཆོད་གྱི་རེད། འདི་ལ་བརྟེན་ནས་རྒྱལ་སྤྱི་ཡི་སྤྱི་ཚོགས་དང་། ང་ཚོའི་ཁ་ཐེག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ། མ་ཟད་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་དམངས་བཅས་ནས། བཙན་བྱོལ་བོད་མིའི་བཟང་ངན་གྱི་ངོ་གདོང་དངོས་གནས་དེ་བཀའ་ཁྲི་འོས་འདེམས་འདི་ལ་བརྟེན་ནས་མཐོང་ཐུབ་གྱི་རེད།
དེ་བརྟེན་ང་ཚོས་ངེས་པར་དུ་༧གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་སྤྱི་ཚོགས་འདི་ཡི་ཞབས་འདྲེན་མི་ཞུ་བའི་ཆེད་དུ་དང་། མ་འོངས་པའི་བོད་ལ་བསམ་གཞིག་བྱེད་དེ། མི་ངན་གྱིས་ཟེར་ཟློས་དང་གཡོ་འོག་ཏུ་མ་ཚུད་པར་རང་ཉིད་ཀྱི་རང་དབང་རང་ཉིད་ཀྱིས་ལོངས་སུ་སྤྱོད་དེ་བཀའ་ཁྲི་སྐབས་གསུམ་པ་དེ་འདེབས་སྟངས་མ་ནོར་བ་ཞིག་ངེས་པར་བྱེད་དགོས་སྙམ།
