༆། བལྟ་མི་བཟོད་པའི་ལོ་རྒྱུས་ཀྱི་གསང་ཁ།

 


འདི་ན་ཁ་བ་མེད་པའི་ཁྱིམ་གཞི་ཆེ།།

རིག་པ་བདར་བའི་ཀླན་ཀའི་རི་མོ་ཕབ།།

ཕན་ཚུན་ཁ་མཆུ་རྩོད་པའི་མཇུག་མ་རུ།།

ངོ་གདོང་བོར་བའི་ཤ་ལྤགས་བཙན་གྱིས་གཤག།

 

རིགས་རུས་སེམས་ཀྱིས་འདུན་པ་མ་ལྷོད་གོང་།

སྔར་གཞུག་སྟོན་མོ་ནག་པོའི་འཁྲབ་ཚན་རེ།།

ད་ལོ་དབྱར་གཞུང་འགྲིམ་པའི་ཚོང་བརྡ་དེས།།

རིགས་འདུས་ཕམ་ཁར་ཟོས་པའི་དགུན་དུས་ཤར།།


གོམ་ཁ་ལྷོ་ལ་བསྒྱུར་བའི་ཤ་ཟུགས་ཚོས།།

རླུང་བུས་རྒྱུ་ཆ་བྱས་པའི་ལོ་རྒྱུས་ཤིག།

མུན་ནག་བཙན་གྱིས་རྡུང་བའི་སྒོ་འགྲམ་ནས།།

ངོ་སོ་བསྟོད་པའི་མུ་ཅོར་རྣ་བར་གཟན།།


མདུན་ནས་བལྟས་ཚེ་འཛུམ་གྱི་སྟངས་ཀ་འདི།།

ཁྲག་དང་མིག་ཆུ་ཐིགས་པའི་གཡུལ་སར་བཤམས།།

ད་དུང་རིགས་ལ་བཀར་བའི་སྡང་ཟུག་གིས།།

གླེགས་བམ་ནག་པོས་ལོ་རྒྱུས་བསྐྱར་དུ་སྒྲོན།།


གངས་ལ་ཁ་བ་བཞུར་བའི་ཆོ་འཕྲུལ་གྱིས།།

རིགས་རུས་ས་མཐར་འཁྱམ་པའི་དུས་ངན་ཞིག།

མང་དམེ་ཁ་སོ་བགྲད་པའི་སྤར་ཁ་ནས།།

གསུབ་མེད་ཤ་འཁོན་འདི་ཡི་གོང་ཚད་འཕར།།