མི་རིགས་ཀྱི་སྐྱོ་བ་དགུ་འགྱུར་མ།

ཤ་གཟན་བོད་པའི་རིགས་ཀྱི་རུས་རྐང་དང་མ།།

ཡར་ཀླུངས་གཙང་པོའི་འགྲམ་གྱི་ཆུ་ཐིགས་གཙང་མ།།

རྒྱ་རི་རྒྱ་ལོ་ངན་ཡང་རང་གི་རིགས་རྒྱུད།།

ཕ་བསད་དགྲ་བོ་གྱུར་ཡང་བྱམས་པས་སྐྱོང་འགྲོ།

 

ངན་དགུའི་ནག་ལུད་འཕྱུར་སའི་རྐ་བའི་སྦུག་ནས།།

བྱུས་ངན་བོད་ལ་གཏད་པའི་མདུང་རྩེ་ཐོན་ན།།

སྟོབས་ཆེན་ཐོ་བས་གཞོམ་རྒྱུར་ལེགས་པར་མཐོང་ཡང་།།

ཕ་རོལ་དགྲ་བོས་མཐོང་ན་དགོད་སྒྲས་མྱོས་འགྲོ།

 

དམར་ཆེན་རི་བོའི་འདབས་ཀྱི་སྤྲང་པོ་གཉོམ་ཆུང་།།

སྤྲང་ཕྲུག་སྣ་དགུས་སྐྱོར་བའི་ཕ་ལོ་རྒན་པོ།།

གདོང་རིས་གཉེར་མས་ཚོས་པའི་ཏཱ་ལའི་བླ་མ།།

ནང་དམེ་ནང་འཁྲུགས་བྱས་ནས་ཚེ་མཇུག་སྐྱེལ་ལམ།།

 

ཟུར་གསུམ་སྙིང་གི་ཁྲག་ལ་བཅོས་སླད་མེད་ཀྱང་།།

ལེབ་མོའི་རྣ་བའི་དཔྱིད་དུ་ལྡོག་ཕྱོགས་མ་བསུ།།

ཕ་གཞིས་དགྲ་བོས་བཟུང་པའི་མི་འཁྱམ་ང་ཚོས།།

རང་རིགས་ངན་འཚང་དེ་དག་མིད་ནས་བསྡད་འདུག།

 

གངས་ལ་སེར་ཁ་གས་པའི་ནངས་མོ་དེ་ནས།།

སྙིང་ལ་ཚེར་མས་བྲབ་སྟེ་ན་ཟུག་ལྕི་ཡང་།།

ཕུ་ནུའི་སྤྱོད་ངན་སྟོན་པ་ཚྭ་ཁུ་བྱུག་འདྲའི།།

སྡུག་གི་བྲོ་བ་མྱངས་ནས་མི་ཚེ་ཕུད་འགྲོ།

 

ཤ་ཁྲག་ཁ་བ་དཀར་པོ་འབྱུང་ས་གཅིག་ཅིང་།།

དོ་དགོང་ཉལ་ས་མེད་པའི་ཨ་ཅོ་གཅིག་ཀྱང་།།

དུག་སྦྲང་ནག་པོའི་ཟོལ་གྱིས་འཇབ་བུས་རྒོལ་བར།།

ལས་འབྲས་བློ་ངོར་སྐྱོར་ཏེ་བག་ཕེབས་གནང་རོགས།།

 

ད་ལོའི་ཆབ་སྲིད་རླུང་གི་འཚུབ་མ་རྒོད་པོ།།

བཟང་ལྟས་སྤྲིན་དཀར་འདབ་མའི་རྩེ་ལ་སྐྱོན་ཡང་།།

མ་འོངས་གྲུ་ཆུང་གོ་མོ་གང་ལ་ཁྱེར་བ།།

ང་ལ་ངེས་གཏན་མི་འདུག་སེམས་ངལ་ཇེ་ཆེ།།

 

ཏཱ་ལའི་བླ་མ་རྒས་པའི་ཁ་སངས་དེ་རིང་།།

ཁ་བ་གསར་བ་ཞིག་གིས་ཟུངས་ཁྲག་གསོས་ན།།

ང་དང་ཁྱེད་ཀྱི་འདུན་མ་གཅིག་ཏུ་འཁྱིལ་ཡང་།།

རྙིང་ཧྲུལ་བག་ཆགས་སྲ་མོས་དམ་དུ་འཆིང་བྱུང་།།

 

གཅོང་ནད་ལུས་ལ་ཕོག་འདྲའི་བོད་ཀྱི་ལས་དབང་།།

ལ་ཁའི་ཉི་མའི་ཟུར་གྱི་རི་སྒང་ང་ཚོ།།

ནང་ཚང་ནང་ནས་སྡུར་བའི་གྲུ་ཁ་བསྐྱུར་ཏེ།།

ཡངས་པའི་སྤང་ཁུད་གཅིག་ལ་རྩེ་འགོ་འཛུགས་ན།།

 

ཕ་མེས་འདས་པོ་སྟོང་གིས་བར་དོར་སྒུག་ཡོད།།

མ་འོངས་མི་རབས་གསར་བའི་མིག་གིས་གཅེར་ཡོད།།

ཤི་གསོན་རེ་དོགས་འཐབ་པའི་བར་དོ་ང་ཚོ།།

ད་དུང་བདེ་བའི་དུས་ཤིག་ཡོང་སྣང་མི་འདུག།

 

མེད་མུག་ཐལ་རྡུལ་འཚུབ་པའི་མྱ་ངམ་ཐང་ནས།།

མི་ཚེ་མེ་ཁར་འཚིག་པའི་ལས་ངན་ང་ཚོ།།

སྙིང་གི་ན་ཟུག་ལྡང་བའི་ངུ་གདང་སྦྲེལ་ཏེ།།

གངས་དཀར་ལྷུན་པོའི་འདབས་ལ་པུས་ནུད་བྱ་འགྲོ།

༢༠༡༠་༩་༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་བ་ནས་བོད་པས་དྲྭ་ཐོག་དམོད་རེས་བྱེད་ཀྱིན་པ་ལ་བལྟས་རྗེས་བྲིས།།