འོས་སྒམ་བཙན་འཕྲོག་བྱས་པའི་རྒྱབ་གཟུགས་ལ་ལྟ་བ།

 

ཁ་སང་བལ་ཡུལ་གྱི་འོས་སྒམ་བཙན་འཕྲོག་ཤོར་བ་དེ་ཡང་རྒྱ་མིས་བལ་ཡུལ་གྱི་ཉེན་རྟོག་པ་ལ་དངུལ་སྤྲད་པ་རེད་ཟེར་ནས་ཡོངས་སུ་གྲགས་པ་རེད་འདུག་ལ།  བོད་མི་ཚོའི་ཁ་ནས་ཀྱང་ལམ་སང་རྒྱ་མི་དེ་ཚོ་ཟེར་གྱི་འདུག   སྤྱིར་ནས་ང་ཚོའི་ཁག་གཏད་རྒྱ་ནག་ཡིན་པས་དྭོགས་པ་བཟོ་དགོས་པ་ཞིག་རེད་དེ་དཔྱད་པ་རྩ་བ་ནས་མ་བྱས་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད།

དཔེ་ན་ཁ་སང་གི་གནས་ཚུལ་དེ་རྒྱ་མིས་བཟོས་པ་ཞིག་མིན་པར་བོད་མི་ནང་ཁུལ་ཡིན་པའི་དྭོགས་པ་ཡང་བལ་ཡུལ་རང་དུ་ཡོད་པའི་བོད་མི་ཚོས་བཤད་ཀྱི་འདུག   རྒྱུ་མཚན་ནི་འོས་སྒམ་འཕྲོག་པ་དེ་ཚོ་མང་ཆེ་བ་བློ་བཟང་སེངྒེ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ས་གནས་ཚོའི་འོས་སྒམ་ཡིན་པ་ལས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་ས་གནས་ཀྱི་འོས་སྒམ་འཕྲོག་ཤོར་མ་སོང་ཟེར།

ཁོང་ཚོས་དོགས་པ་ཆེ་ཤོས་ནི་བལ་ཡུལ་དུ་རྒྱུ་སྟོབས་ཆེ་ཤོས་ཀྱི་གྲས་ཆུ་ཁ་ཚང་རྟ་ཆེན་ཟེར་བ་དེ་རེད་འདུག  ཁོང་ནི་རྒྱུ་སྟོབས་ཆེ་ལ་ཉེན་རྟོག་པ་དང་ནམ་རྒྱུན་ནས་འདྲིས་པོ་ཡོད་པ།  བཀྲས་མཐོང་གི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་ཞིག་ཀྱང་རེད་ཟེར།  འདི་ནི་ང་ཚོས་དཔྱད་ཞིབ་ནན་པོ་བྱེད་དགོས་པ་ལས་ད་གཡུག་ཞོག་རྒྱ་མིས་རེད་ལབ་ན་ཡག་ཤོས་རེད་ཟེར་ན་ཕན་པ་ལས་གནོད་པ་མང་བ་ཡོང་གི་ཡོད། ད་རིང་འདི་ཙམ་མིིན་པར་མ་འོངས་པར་བསམ་བློ་ངེས་པར་གཏོང་དགོས་སྙམ།

དེ་དང་འཕྲོས་ནས་ཕྲན་བུ་གླེང་ན་ཁ་སྔོན་རྟ་ཆེན་ཟེར་བ་ཁོང་རྒྱ་གར་ལྷོ་ཕྱོགས་གཙོས་པའི་ས་གནས་གང་སར་སྐོར་སྐྱོད་དང་འགྲོ་གྲོན་ཧ་ཅང་ཕོན་ཆེན་བཏང་ཡོད་ཚོད་འདུག   ཁོང་ཚོ་མོན་གྷོ་རུ་ཡོངས་སྐབས་ས་གནས་འགོ་འཛིན་གྱིས་མི་མང་ཚོར་ཡོངས་དགོས་པའི་བཀའ་བཏང་བ་དང།  ཚོགས་ཐོག་ཏུ་གཞིས་འགོ་དང་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོས་ཟེར་གཉིས་ཀྱང་འདུག་ཟེར།

དེའི་རྗེས་ལ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་དྲོ་མོན་གྷོ་རུ་གཏམ་བཤད་ཡོངས་སྐབས་མི་མང་ལ་ཤོག་ཟེར་རྒྱུ་ཕར་ཞོག་ཐ་ན་མི་མང་ཚོགས་ཁང་ཡང་གཡར་ཡོད་པ་མ་རེད།   དེའི་རྗེས་ལ་རྒྱ་རི་སྒྲོལ་མར་དགོན་པ་ཁག་ཏུ་གཏམ་བཤད་བྱེད་རྒྱུ་ཁས་ལེན་མ་བྱས་སྟབས་གཞིས་འགོ་ནས་ལས་ཤོག་ཐོག་དམ་ཕྲུག་རྒྱབ་ནས་མངགས་འདུག་པ་མ་ཟད།  མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཡང་རྒྱ་རི་སྒྲོལ་དང་ལྷན་དུ་ཡོངས་ཏེ་རྒྱ་རི་སྒྲོལ་མ་ལ་བསྟོད་བསྔགས་ཚད་མེད་བྱས་པས་རྒྱ་རི་སྒྲོལ་མས་སྐུ་མཁྱེན་ད་དེ་འདྲ་མ་གསུང་རོགས་ལབ་སོང་།

དེ་རིང་ངས་འདི་དག་བྲིས་པ་ནི་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་མཐོང་ས་ནས་ཡལ་འགྲོ་བ་དང་། ཤེས་ས་ནས་བརྗེད་སོང་བའི་གནས་ཚུལ་མང་པོ་ཞིག་འདུག་པས་དེ་ཚོ་གསལ་སྟོན་དང་། མ་འོངས་པ་ཡང་གནས་ཚུལ་དེ་རིགས་སུས་མཐོང་ཐོས་བྱུང་ཚེ་དྲ་ཐོག་ཏུ་དགོད་ཐུབ་པའི་རེ་བ་གཙོ་བོ་བཟུང་ནས་བྲིས་པ་ལས།   རང་རྒྱལ་གཞན་ཕམ་དང་།  ཁྱེད་ཤི་ང་གསོན་གྱི་འཐབ་ར་བཟུང་སྟེ་རྩ་བ་ནས་བྲིས་པ་ཞིག་མིན།