འདི་ལོར་བོད་ཀྱི་མཛངས་མ་འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་བྱུང་མི་འདུག
ཕྱི་ལོ་༢༠༡༩ ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་དེ་དྷ་སར་གོ་སྒྲིག་བྱེད་རྒྱུ་བྱས་ཀྱང་། མཉམ་ཞུགས་བྱེད་མཁན་མ་བྱུང་བས། འདི་ལོར་འགྲན་སྡུར་བྱེད་ཐབས་མེད་པ་དང་། ལོ་རྗེས་མར་མཉམ་ཞུགས་བྱེད་མཁན་ཡོང་བའི་རེ་བ་བྱེད་བཞིན་འདུག
ཟླ་༥ པའི་ཚེས་༢༠ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། འདི་ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་དེ་དྷ་སར་གོ་སྒྲིག་བྱེད་རྒྱུ་བྱས་ཏེ། ཟླ་ཤས་སྔོན་ནས་མགྲོན་ཁང་གཡར་རྒྱུ་སོགས་ཀྱི་ལས་ཀ་འགོ་བཙུགས་ཟིན་ནས། ཟླ་༢ པ་ནས་འགྲན་སྡུར་དུ་མཉམ་ཞུགས་བྱེད་འདོད་ཡོད་མཁན་ཚོར་དྲ་ཐོག་ནས་དེབ་སྐྱེལ་བྱེད་རྒྱུའི་ཆ་རྐྱེན་བསྐྲུན་ནའང་། དེབ་སྐྱེལ་གྱི་དུས་བཀག་ཟླ་༤ པའི་ཟླ་མཇུག་བར་བུད་མེད་གཅིག་ཀྱང་མ་བྱུང་བས། ཐེངས་འདིར་བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་བྱེད་ཐབས་མེད་པ་ཆགས་ཡོད་སྐོར་བརྗོད་སོང་།
ཁོང་གིས་མཉམ་ཞུགས་བྱེད་མཁན་གཅིག་ཀྱང་མ་བྱུང་བ་དེ། བོད་དང་བོད་མིའི་སྤྱི་ཚོགས་ལ་གྱོང་གུད་གཅིག་ཡིན་ཡང་། སེམས་ཤུགས་མ་ཆགས་པར་ལོ་རྗེས་མའི་ཟླ་༦ པའི་ནང་འཚོག་རྒྱུ་ཡིན་པའི་བོད་ཀྱི་མཛངས་མ་འགྲན་སྡུར་ནང་མཉམ་ཞུགས་བྱེད་མཁན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།
ཁོང་གིས་ལོ་སྔོན་མར་བོད་ཀྱི་མཛངས་མ་འགྲན་སྡུར་དེ་ཨ་རིར་གོ་སྒྲིག་བྱེད་སྐབས། རྒྱ་གར་ནས་མཉམ་ཞུགས་བྱེད་འདོད་ཡོད་མཁན་བུད་མེད་རྣམས་ལ་ཐོངས་མཆན་མ་ཐོབ་པ་དང་། ཨ་རི་ནས་ཐོག་མར་མཉམ་ཞུགས་བྱེད་མཁན་བཞི་ཡོད་ཀྱང་། མཐའ་མར་མཉམ་ཞུགས་བྱེད་མཁན་གཅིག་མ་གཏོགས་བྱུང་མེད་པས། མི་མང་པོ་ཞིག་གིས་གལ་ཏེ་འགྲན་སྡུར་དེ་རྒྱ་གར་ལ་གོ་སྒྲིག་བྱས་ན་མཉམ་ཞུགས་བྱེད་མཁན་མང་བ་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག འདི་ལོར་རྒྱ་གར་དུ་གོ་སྒྲིག་བྱེད་རྒྱུ་བྱས་ཀྱང་མཉམ་ཞུགས་བྱེད་མཁན་བྱུང་མེད་སྐོར་དང་། དེ་བཞིན་སྤྱི་ཚོགས་ནང་མི་མང་པོ་ཞིག་གིས་བོད་ཀྱི་མཛངས་མ་འགྲན་སྡུར་གྱི་སྡིངས་ཆ་དེ་གཞན་ལ་བཙོང་ཟིན་ཡོད་མེད་འདྲི་མཁན་མང་པོ་འདུག་པས། ད་ལྟ་བར་དངོས་སུ་ཉོ་འདོད་ཡོད་མཁན་དང་རིན་གོང་འགྲིག་མིན་ལ་བརྟེན་ནས་བཙོང་མེད་པ་དང་། ལོ་སྔོན་མར་ཨ་རིར་གོ་སྒྲིག་བྱེད་མཁན་ཚོང་ལས་ཁང་(Engage Entertainment) ལ་ལོ་གཅིག་རིང་གན་རྒྱ་ཐོག་ནས་གཡར་ཡོད་པ་དང་། ད་ལྟ་ཁོང་གིས་མུ་མཐུད་གོ་སྒྲིག་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།
དེ་བཞིན་ཕྱི་ལོ་༢༠༠༢ ལོ་ནས་ད་བར་བོད་ཀྱི་མཛངས་མའི་དབུ་རྒྱན་བུད་མེད་༡༦ ལ་གཡོགས་ཡོད་པ་དང་། ཁོང་ཚོས་རྒྱལ་སྤྱིའི་མཛངས་མ་འགྲན་སྡུར་དང་གསར་འགོད་བརྒྱུད་ལམ་སོགས་ཀྱི་ཐོག་ཏུ་བོད་དོན་ཆེད་དུ་གང་ཡོང་བྱས་ཡོད་པ་དང་། བོད་ཀྱི་མཛངས་མ་འགྲན་སྡུར་ལ་ཆབ་སྲིད་ཀྱི་དམིགས་ཡུལ་མེད་ཀྱང་། རྒྱ་ནག་གཞུང་གིས་ད་བར་ཐེངས་མང་པོར་རྒྱལ་སྤྱིའི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་ཚོར་གནོན་ཤུགས་སྤྲད་ནས། བོད་ཀྱི་མཛངས་མ་ཁག་ཅིག་འགྲན་སྡུར་ནས་ཕྱིར་འཐེན་བྱེད་དགོས་འཁེལ་ཡོད་སྐོར་བརྗོད་སོང་།།

དེ་བཞིན་ལོ་ལྟར་ཁོང་དང་མི་ཁག་ཅིག་གིས་སེམས་པ་གུ་ཡངས་ཟེར་བའི་གཟེངས་རྟགས་ཀྱི་ལག་ཁྱེར་ཞིག འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སོགས་སྤྱི་ཚོགས་ལ་ཕན་པའི་ལས་དོན་སྒྲུབ་མཁན་གཅིག་ལ་སྤྲད་ཀྱི་ཡོད་པ་ལྟར། ཕྱི་ལོ་༢༠༡༨ ལོའི་གཟེངས་རྟགས་དེ་ཕྱི་རྒྱལ་ཡོད་པའི་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་(Rabiya Kadeer) རཱ་བྷི་ཡ་ཀ་ཌིར་ལ་སྤྲད་རྒྱུ་ཐག་གཅོད་བྱུང་ཡོད་སྐོར་བརྗོད་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
