ཉལ་ས་དྲོ་ཡང་སེམས་པ་འཁྱག་གི།

 

ཕྱི་རྒྱལ་ན་བདེ་སྐྱིད་དང་ལོངས་སྤྱོད། ཐོབ་ཐང་སོགས་མང་པོ་ཞིག་ཡོད་རབས་འདོད་མཁན་དག་གིས་ནམ་རྒྱུན་རང་ཉིད་རྒྱ་གར་དུ་བསྡད་ཡོད་པ་དེ་ནི་མནར་སྡུག་གི་མི་ཚེ་ཞིག་གི་ཁྲོད་དུ་འཚོ་བ་བསྐྱེལ་བ་བཞིན་ཡོད་པ་དང་། འཚོ་བ་སྐྱེལ་སྟངས་དེ་ཡང་རྒྱུ་མཚན་མེད་པ་དང་སྙིང་པོ་མེད་པ་ཞིག་སྐྱེལ་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དོན་དངོས་ཐོག ང་ཚོས་རང་གི་ཕ་ཡུལ་གངས་ཅན་དང་བསྡུར་ནས་བཤད་ན་དེ་འདྲ་ཞིག་ལོས་ཡིན། རང་ས་ཅི་འདྲ་སྡུག་ཡང་སྐྱིད་སྣང་ཞིག་ཡོད་པ་ནི། ཕ་འཛོམས་མ་འཛོམས་དང་། ཕུ་ནུ་མིང་སྲིང་ལྷན་འདུས། སྐྱིད་པའི་བྲོ་འཁྲབ། དགའ་བའི་གླུ་བླངས། རང་སྐད་ཀྱི་སྟེང་ནས། རང་ཡུལ་གྱི་གྲོང་ནས། རང་ཁྱིམ་དང་ཉེ་དུ་ཚོའི་འགྲམ་དུ། སྐད་ཆ་ལྷོད་ལྷོད་ཅིག་བཤད་ཆོག་པར་བསམ་ན། རྒྱ་གར་ནི་ང་ཚོ་ལ་གཏན་ནས་འཚམ་པོ་ཞིག་ག་ལ་ཡིན།

སྐྱབས་བཅོལ་ལུང་པ་བཙན་བྱོལ་སྤྱི་ཚོགས་སམ། རྒྱ་གར་དུ་གནས་སྡོད་ཀྱི་རིང་དེར་བོད་མི་ཆེས་མི་ཉུང་བ་ཞིག་གིས་རང་དབང་དང་ཁོར་ཡུག་གི་དཀའ་ངལ་ཆེས་ཉུང་བ་དང་། རང་མི་མང་བ། རང་ཡུལ་ནས་སླེབས་པའི་ཉེ་གྲོགས་མང་བ། སྐྱིད་སྡུག་མཉམ་གླེང་གི་གོ་སྐབས་ཡོད་པ། ཕན་ཚུན་ཐུག་འཕྲད་ཀྱི་གོ་སྐབས་མང་བ། བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྐོར་ལ་ལས་ཀ་གང་བྱེད་ཐམས་ཅད་ལ་གཞུང་འབྲེལ་དང་སྒེར་གྱི་ཚོགས་པ་བཅས་ལ་འབྲེལ་ཐུག་བྱེད་ཡུལ་ཡོད་པ་རེད།

ཕྱི་རྒྱལ་དུ་འབོད་པའི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་ན། བོད་རིགས་དག་དུས་རབས་གསར་བའི་བྲན་གཡོག་པ་ཤ་སྟག་ཆགས་ཡོད་ལ། ལས་ཀའི་ཐོབ་ཐང་དམའ་བ། གནས་ཡུལ་གྱི་ཡུལ་མིའི་གནས་བས་ཁོ་ནའི་དབང་ཤུགས་ལ་མགོ་སྒུར་བ། བོད་མི་རིགས་ཀྱི་ཐོབ་ཐབ་རྩོད་ས་ཕར་ཞོག སྐད་ཆ་བཤད་སའི་སྟེགས་བུ་ཉུང་བ། ཐུག་འཕྲད་ཀྱི་གོ་སྐབས་བྲལ་བ། བོད་མི་ཕན་ཚུན་མཉམ་རུབ་དཀའ་བ་ནས་མེད་པ་ལྟ་བུ་ཆགས་ཡོད། ཐ་ན་སྐྱེ་བོ་སྒེར་གྱི་ཐོབ་ཐང་བཤད་ས་ཡང་མེད་པ། གནས་ཡུལ་དེ་ནས་གང་བཤད་ལ་ཉན་དགོས་པ། འདི་དག་ལ་རང་གི་མྱོང་བ་དང་ཐོས་པ། བྱས་པ་བཅས་ལ་ཞིབ་ཏུ་བསམ་ནས་ཉལ་ས་དྲོ་ཡང་སེམས་མི་དྲོ་བའི་ལས་འདི་རིགས་མི་རབས་རྗེས་མ་དག་གི་མི་མྱོང་ཆེད་དུ། བསམ་བློ་གཏོང་རན་རེད།

ད་ལྟ་ནས་མགོ་བརྩམས་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་མི་དག་གིས་རང་རང་གི་ཉིན་རེའི་སྐྱིད་སྡུག་ལེགས་ཉེས་གང་བྱུང་སོགས་ཉིན་ཐོ་རུ་བྲིས་དེ་བོད་ཀྱི་མི་རབས་རྗེས་མ་དག་ལ་ལམ་སྟོན་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག ཕྱི་རྒྱལ་ཁག་གི་སྐོར་མ་ཤེས་པ་དག་ཤེས་འདོད་ཡོད་ན། དྲི་བ་བྱེད་པ། འདྲི་མཁན་གྱིས་དྲང་མོར་འདྲི་བ། ལན་འདེབས་མཁན་གྱིས་ཀྱང་དྲང་མོར་ལན་འདེབས་བྱེད་པ། དེ་ནི་ང་ཚོའི་རང་གི་མི་རིགས་འདི་མུ་མཐུད་དུ་དུས་རབས་གསར་བའི་བྲན་གཡོག་མི་ཆོག་པའི་ཐབས་ཤེས་ཡིན།