༧གོང་ས་མཆོག་གིས་ན་གཞོན་ཁོར་ཡུག་སྲུང་སྐྱོབ་པར་གསུང་འཕྲིན་བསྩལ་འདུག

རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་ན་གཞོན་ཁོར་ཡུག་སྲུང་སྐྱོབ་པ་བུད་མེད་གྷེ་རེ་ཊ་ཐན་བྷག་(Greta Thunberg ) གིས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཆེད།  ཁོར་ཡུག་ལ་བརྟེན་པའི་དཀའ་ངལ་ཇི་འཕྲད་སོགས་སྐོར་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད་པ་ལྟར། ཟླ་༥ པའི་ཚེས་༣༡ ཉིན་༸གོང་ས་མཆོག་གིས་རྒྱབ་སྐྱོར་མཛད་པའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད།

གསུང་འཕྲིན་ནང་། “ཁྱེད་རང་གིས་ལོ་གཞོན་གཞན་རྣམས་ལ་སེམསཤུགས་སྤར་ནས། ཁོང་ཚོ་ཁྱེད་དང་མཉམ་དུ་ལས་འགུལ་སྤེལ་བར་མཐོང་དུས་བློ་སྟོབས་སྐྱེས་ཀྱི་འདུག ཁྱེད་རང་གིས་ཚན་རིག་པ་ཚོའི་བསམ་ཚུལ་གཅིག་མཐུན་གྱི་གྲུབ་དོན་ལ་གཞིར་བཟུང་ནས། དེའི་ཐོག་ཛ་དྲག་ལག་བསྟར་བྱེད་དགོས་པའི་ཐད་མི་མང་ཚོ་གཉིད་ལས་དཀྲོགས་ཡོད་པ་རེད། ངོས་རང་ཡང་ཁོར་ཡུག་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་ཞིག་ཡིན། གོ་ལ་ཧྲིལ་པོ་འདི་རྩ་མེད་བཟོ་རྒྱུའི་ནུས་པ་མི་ཁོ་ནར་ཡོད་པ་ང་ཚོས་ཤེས་གསལ་རེད།  གོ་ལ་རྩ་མེད་བཟོ་བའི་ནུས་པ་ཡོད་པ་ལྟར། ང་ཚོར་དེ་སྲུང་སྐྱོབ་བྱ་རྒྱུའི་ནུས་པའང་ཡོད་” ཅེས་གསུངས་ནས། མོའི་འབད་བརྩོན་ལ་སྨོན་ལམ་དང་བཅས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་སྐོར་གསུངས་ཡོད་འདུག

རང་ལོ་༡༦ ཡིན་པའི་སུ་ཝི་ཊན་གྱི་སློབ་མ་ཁོང་གིས། རང་ལོ་༡༥ ནས་རྒྱལ་ཁབ་དེའི་གྲོས་ཚོགས་ཁང་མདུན་དུ། གོ་ལའི་གནམ་གཤིས་འགྱུར་ལྡོག་ཐོག་ཛ་དྲག་གི་ལས་འགུལ་སྤེལ་དགོས་པའི་དགོས་འདུན་བཏོན་ནས་ལས་འགུལ་སྤེལ་འགོ་བཙུགས་ཡོད་པ་དང་། ལོ་ཆུང་ཞིག་གིས་ལས་འགུལ་དེ་འདྲ་སྤེལ་ནས་བརྒྱུད་ལམ་ཁག་ཏུ་ཁྱབ་ཆེན་སོང་ཡོད་འདུག ཕྱི་ལོ་༢༠༡༨ ལོའི་ཟླ་༡༡ པའི་ནང་ཁོང་གིས་སློབ་མ་ཚོས་སློབ་མཚམས་བཞག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བའི་ལས་གཞི་འགོ་འཛུགས་བྱས་ནས། ཟླ་༡༢ པའི་ནང་ཁོང་གི་དགོས་འདུན་འབོད་སྒྲ་ལ་བརྟེན་ནས། འཛམ་གླིང་གང་སར་སློབ་མ་ཚོའི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་རེད། དེ་བཞིན་ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་ཚེས་༡༥ ཉིན་ཁོང་གི་འབོད་སྐུལ་ལ་རྒྱབ་སྐྱོར་ཆེད། རྒྱལ་ཁབ་༡༡༢ ནས་སློབ་མ་ས་ཡ་༡.༤ ཡིས་ལས་གུལ་སྤེལ་ཡོད་ཁར། ཟླ་༥ པའི་ཚེས་༢༤ ཉིན་རྒྱལ་ཁབ་༡༢༥ ནང་སློབ་མ་ཚོས་ལས་འགུལ་སྤེལ་ཡོད་འདུག་པས། ཁོང་གི་ལས་འགུལ་ལ་ངོས་འཛིན་གྱིས་བྱ་དགའ་མང་པོ་ཐོབ་ཡོད་ཁར། ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་ནང་ནོར་ཝེ་རྒྱལ་ཁབ་གྲོས་ཚོགས་ཀྱིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་ཁོང་མིང་འདོན་བྱས་ཡོད་པ་རེད་འདུག དེ་བཞིན་ཁོང་གི་སློབ་མ་ཚོས་སློབ་མཚམས་བཞག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བའི་འབོད་སྒྲར། ཤེས་ཡོན་པ་༢༢༤ ཡིས་རྒྱབ་སྐྱོར་བྱས་ཏེ་ཡོངས་ཁྱབ་ཡི་གེ་བཏང་ཡོད་ཁར། མཉམ་འབྲེལ་རྒྱལ་ཁབ་ཀྱི་དྲུང་ཆེས་ཀྱང་རྒྱབ་སྐྱོར་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།