ཀ་བཤད་ལྷག་བསམ་དཀར་བའི་གད་རྒྱངས།
ཅ་ཅོ་ཐལ་འགྱུར་ཐལ་སྒྲའི་འུར་གྱིས་ལྡིར།།
ཆ་ལུགས་ཆོས་རར་བསྐྱོད་པའི་གྲྭ་རྐྱང་དག།
ཇ་ཆང་འདོད་ཡོན་ཡོད་ཚད་རྒྱང་བསྐྱུར་ཏེ།།
ཉ་མོ་མཚོར་གནས་བཞིན་དུ་སློབ་ལ་བརྩོན།།
ཏ་ལའི་བླ་མའི་གསུང་ལ་གུས་ཤིང་བཀུར་།།
ཐ་མ་སྣ་ཐག་རྒྱང་རིང་ཡུལ་དུ་བརྫངས།།
ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར།།
ན་ཚོད་ལོན་པའི་བོད་ཀྱི་ན་གཞོན་ཚོས།།
པ་ཕའི་རིགས་གཞུང་ཟབ་མོ་ལ་བརྩོན་ནས།།
ཕ་མེས་རེ་བ་ཡོད་ཚད་འགྲུབ་སླད་དུ།།
བ་སོ་ལས་ལྷག་རང་དགོས་ཤེས་བྱའི་གནས།།
མ་གཡེངས་སློབ་ལ་བརྩོན་དང་ཕ་བཟང་བུ།།
ཙ་ཙིག་བྱ་བ་མང་པོ་རྒྱབ་བསྐྱུར་ནས།།
ཚ་བའི་ཡུལ་ནས་གཞུང་ཆེན་པོད་ལྔ་ལ།།
ཛ་ལང་བརྒྱ་ཡི་སེང་གེས་འགྱིང་པ་བཞིན།།
ཝ་སྐྱེས་སེང་རྫུན་སྤང་སྟེ་སློབ་ལ་འབད།།
ཞྭ་སེར་བསྟན་དང་འགྲོ་བའི་དོན་ཆེན་སླད།།
ཟ་འཐུང་བྱེད་འདོད་བསམ་པའི་འདི་ཤེས་དང།།
འ་འུ་རྣམ་གཡེངས་ལ་སོགས་དོར་བྱས་ནས།།
ཡ་རབས་སངས་རྒྱས་བསྟན་ལ་འབད་བཞིན་མཆིས།།
ར་བ་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་ནས་།།
ལ་ལུང་མང་པོ་བརྒལ་བའི་བཙན་བྱོལ་བར།།
ཤ་ཁྲག་གཅིག་པའི་གཞིས་བྱེས་གཉིས་ཀ་ཡིས།།
ས་ཆེན་འདི་རུ་སྐྱེས་པའི་དགོས་དོན་སེམས།།
ཧ་ཅང་སྙན་ཆ་མེད་པའི་ཚིག་སྦྱོར་འདི།།
ཨ་རོགས་གྲོགས་དག་སེམས་ལ་ཐད་འགྱུར་ན།།
ཨ་རིའི་སྒོར་མོ་བྲལ་བའི་གྲྭ་རྐྱང་ཚོར།།
ཨ་རོགས་ཁམས་པའི་བུ་ངས་སྐྱེས་སུ་གཏེགས།།