བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།

 

རང་བཙན་བརྩད་དེ་རྩ་བར་མ་ཐུག་ཞིང་།།
དབུ་མར་ཕྱོགས་ནས་ལས་དོན་མ་སྒྲུབ་པར།།
རང་ཐག་རང་གཅོད་མ་བྱས་ལྷོད་ལྷོད་བསྡད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

གཅིག་གིས་བྱས་པ་གཅིག་གིས་འཕྱ་ཞིང་དམོད།།
གཞན་གྱིས་བྱས་ན་ཕྲག་དོག་མེ་ལྕེ་འབར།།
ཕར་ཚུར་གཉིས་ཀའི་བྱ་བ་མི་འཇོན་པའི།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

རང་དབང་ཆེད་དུ་དཀའ་སྤྱད་མ་བྱས་ཤིང་།།
རང་དོན་ཁོ་ནར་འཐམ་ནས་ཉིན་མ་བསྐྱལ།།
རང་ལས་སྤྱི་དོན་གཡུགས་པའི་བྱེད་སྟངས་ཅན།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

རིགས་ཀྱི་ཕྲུ་གུ་མི་རིགས་གཞན་ལ་བཏབས།།
སྐད་ཀྱི་གདངས་དེ་མི་སྐད་གཞན་ཞིག་རྒྱགས།།
འགྲོ་སྟངས་འདུག་སྟངས་ཡབ་མེས་ལུགས་དང་འགལ།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

རང་ཡུལ་སྐྱུར་ནས་བྲོས་བྱོལ་ཡུལ་དུ་ཡོང་།།
སྐྱབས་བཅོལ་ཡུལ་ནས་ཐོབ་ཐང་འདྲ་མིན་བརྩད།།
དོན་གྱི་དགོས་པའི་མི་རིགས་བདེན་མཐའ་བརྗེད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

ཁ་ནས་བཤད་ཚུལ་སྤྱི་དོན་ཤར་མ་ཡིན།།
ལག་ལ་ཡོང་ཚད་རང་ཁེ་འབབ་ཞིག་གཉེར།།
བོད་མིའི་སྐྱིད་སྡུག་རླུང་ཁའི་མར་མེ་བཞིན།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

སྐྱབས་མགོན་བླ་མ་ཟོས་ནས་ཚར་གྲབས་འདུག།
སྐྱབས་བཅོལ་གཞུང་ནས་བོད་སྐད་བརྗེད་གྲབས་འདུག།
སློབ་གྲྭ་ཁག་ནས་བོད་དགེ་འཕུད་གྲབས་འདུག།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།

ཕྱི་ལ་འགྲོ་རྒྱུ་བྱུང་ན་ཅི་ཡང་བྱེད།།
འགྲོ་སའི་ཡུལ་ནས་མི་ཡི་བྲན་དུ་རྒྱུགས།།
གཡོག་སྒོར་གསོག་ནས་སྐྱིད་རབས་སྐྱག་རྫུན་བཤད།།
བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།།