དྷ་སར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་༦ པ་འཚོག་རྒྱུ་རེད་འདུག

བོད་དོན་རྒྱབ་སྐྱོར་བ་༡༨༠ ལས་མང་བ་མཉམ་ཞུགས་ཀྱིས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་༦ པ་དེ་དྷ་ས་གངས་སྐྱིད་བོད་ཀྱི་ཁང་བརྩེགས་སུ་འཚོག་རྒྱུ་ཡིན་འདུག་པ་དང་། སྐབས་དེར་བོད་ཀྱི་གནད་དོན་དང་རྒྱ་གར་གཞུང་ལ་བོད་དོན་ཐོག་གནོན་ཤུགས་སྤྲོད་ཐབས་སོགས་ཀྱི་ཐོག་ལ་གྲོས་བསྡུར་དང་གྲོས་ཆོད་འཇོག་འཆར་ཡོད་འདུག

ཟླ་༦ པའི་ཚེས་༡༤ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོའི་འབྲེལ་མཐུད་ཚོགས་པ་(Core Group for Tibetan cause)ཡི་ཚོགས་གཙོ་ཀཱེ་རི་མཱེ་(RK Khrimey)དང་ཚོགས་གཞོན་སུན་ཌར་ཀུ་མར་(Sunder Kumar)གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་ཀྱིས། ཟླ་༦ པའི་ཚེས་༡༥ དང་༡༦ ཉིན་དྷ་ས་གངས་སྐྱིད་བོད་ཀྱི་ཁང་བརྩེགས་ཚོགས་ཁང་དུ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་༦ པ་འཚོག་རྒྱུའི་གསར་འགོད་གསལ་བསྒྲགས་བྱས་སོང་།

དེ་ཡང་ཚོགས་གཙོ་ཀཱེ་རི་མེ་ཡིས༧གོང་ས་མཆོག་དང་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༦༠ འཁོར་བའི་དུས་དྲན་སྲུང་བརྩི་དང་། ཕྱི་ལོ་༡༩༥༩ ལོར་རྒྱ་གར་གྱི་གྲོང་ཁྱེར་ཀཱོལ་ཀ་ཏ་ལ་རྒྱ་གར་རྒྱལ་ཡོངས་བོད་དོན་ལྷན་ཚོགས་ཐེངས་༡ པོ་འཚོགས་ནས་ལོ་ངོ་༦༠ འཁོར་གྱི་ཡོད་པ། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ལ་བརྟེན་ནས་ཚོགས་ཆེན་དེ་འཚོག་རྒྱུ་ཡིན་སྐོར་དང་། ཚོགས་ཆེན་དེར་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱི་ཚོགས་མི་༡༨༠ ལས་མང་བ་མཉམ་ཞུགས་བྱེད་ཀྱི་ཡོད་ཁར། ཚོགས་ཆེན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ཚོགས་ཆེན་ཁག་ལས་བྱུང་བའི་བསམ་འཆར་རྣམས་ལས་ཐབས་བྱུས་དང་ལས་འགུལ་ཐོག་གྲོས་བསྡུར། དེ་བཞིན་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་རྒྱ་གར་ལ་བོད་ཀྱི་གལ་གནད། བོད་ཀྱི་ཁོར་ཡུག་གི་གལ་གནད། བོད་དོན་ཞི་བའི་ཐོག་སེལ་ཆེད་རྒྱ་གར་ནང་བོད་དོན་ལས་འགུལ་ཤུགས་ཆེ་རུ་གཏོང་ཐབས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་ཐོག་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་སྐོར་བརྗོད་སོང་།

ཚོགས་གཞོན་སུན་ཌར་ཀུ་མར་གྱིས་བོད་ཀྱི་ཁོར་ཡུག་དེ་རྒྱ་གར་ལ་གནད་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད་ཁར། བོད་དོན་སེལ་ཆེད་དུ་རྒྱ་གར་ལ་འགན་ཆེན་པོ་ཡོད་པས། ཚོགས་ཆེན་འདིའི་ཐོག་ད་ལྟའི་རྒྱ་གར་དབུས་གཞུང་གིས་བོད་དོན་ཐོག་འཛིན་བཞིན་པའི་སྲིད་བྱུས་ཀྱིས་གྲུབ་འབྲས་ཐོན་གྱི་མེད་པས། རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་ནས། དབུས་གཞུང་ལ་གནོན་ཤུགས་གང་འདྲ་སྤྲོད་དགོས་མིན་ཐད་གྲོས་བསྡུར་བྱེད་རྒྱུ་ཡིན་སྐོར་བརྗོད་སོང་།

དེ་བཞིན་འདི་ལོར་རྒྱ་གར་རྒྱལ་ཡོངས་བོད་དོན་ལྷན་ཚོགས་ཤིག་གོ་སྒྲིག་བྱེད་འཆར་ཡོད་པ་ཡང་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།