རྩོམ་རིག་ལ་བསྔགས་པ་དབྱངས་ཅན་ལྷ་མོའི་དགོད་སྒྲ
ས་ནག་རང་བླུག་བྱས་པའི་གྲང་ཁའི་ངོས་ནས།།
གཡང་དཀར་ལུ་གུ་སྟོང་གི་རྨི་ལམ་ནན་པོ།།
རི་སྤྱང་མཆེ་བ་རྣོན་པོའི་རྩེ་ན་འཕྱོ་བ།།
སྤུ་མདོག་ཡག་ངན་མེད་པ་གཅིག་ཏུ་གྱུར་སོང་།།
ཡངས་པའི་ས་ཆེན་སྟེང་གི་མེ་ཏོག་མཛེས་པོ།།
དངས་གཙང་སེམས་ཀྱི་འཚོ་བའི་གྲུ་ཁར་བསུ་ན།།
རྩོམ་རིག་ཁྲ་ཆུང་མིག་གིས་ཤུགས་ཀྱིས་ལྟོས་དང་།།
སིམ་པའི་ཚོར་བ་ཆུ་མོ་བཞིན་དུ་འཁྱིལ་ཡོང་།།
གཞན་ཕན་རང་དོན་འགྲུབ་པའི་ཐབས་ལམ་ཟབ་མོ།།
དམ་ཆོས་འོད་ཀྱི་སྣང་བ་འདྲེན་པ་འདོད་ན།།
རྩོམ་རིག་མུན་སེལ་སྒྲོན་མེ་མདའ་ལྟར་སྤོར་དང་།།
ཞེ་འདོད་རང་གཞན་དོན་གཉིས་གཞུ་ལྟར་འགུག་ཡོང་།།
རང་རིགས་ཁ་རྗེ་དར་བའི་རྒྱལ་ཁབ་དྲོན་མོ།།
བདག་འཛིན་ལ་རྒྱ་ཕྲ་མོས་འཆིང་བ་འདོད་ན།།
རྩོམ་རིག་ཕར་རྒོལ་ནུས་པའི་མཚོན་ཆ་ཐོགས་དང་།
ལོ་རབས་ཁ་སོ་ཆག་ཀྱང་རང་ལག་ལེན་ཆོག།
དུང་སེམས་འོད་ཀྱི་སྣང་བའི་དཀྱིལ་དུ་འཚོ་བའི།།
མི་ལུས་ཟླ་བ་དཀར་པོ་བསྐྲུན་མཁན་དྲན་ན།།
རྩོམ་རིག་སྙན་པའི་ངག་གི་འོད་སྣང་ཁྱེས་དང་།།
དགྱེས་པའི་འཛུམ་ཆུང་པད་མོ་ལྷོད་ཀྱིས་གྲོལ་ཡོང་།།
གཡག་རྒོད་རྭ་ལྟར་གྱོང་བའི་དྲན་ཤེས་འཁྱར་པོ།།
མ་བཅོས་གཉུག་མའི་ཐབ་ལ་འཛུད་མཁན་དྲན་ན།།
རྩོམ་རིག་བདེན་པའི་དཀྱིལ་འཁོར་ཁྲོམ་ལ་བཞེངས་དང་།།
མཉེས་པ་གསུམ་གྱི་བྱིན་རླབས་ཆར་ལྟར་འབབ་ཡོང་།།
གཏད་མེད་རྩབ་ཧྲལ་གྱུར་པའི་མི་ཚེ་སྐྱ་བོར།།
རིན་ཐང་ཞགས་རྩི་སྣུམ་པོ་སྐུད་བ་འདོད་ན།།
རྩོམ་རིག་འབྲི་འོ་དཀར་པོ་ཤུགས་ཀྱིས་བཞོས་དང་།།
དཀར་གསུམ་ལྟོ་བར་མཛེས་པའི་བང་མཛོད་འགྲུབ་ཡོང་།།
རྐུན་ཇག་ལས་ཀྱིས་འཚོ་བའི་འདྲེ་བདུད་བྱ་བ།།
སྐྱོན་འདོན་མེ་ལྕེ་དམར་པོས་སྲེག་པ་འདོད་ན།།
རྩོམ་རིག་རྐང་གླིང་དཀར་པོ་ཤུགས་ཀྱིས་བོས་དང་།།
འགུགས་མནན་སྦྱོར་བའི་བར་ནས་དམ་ལ་གདག་ཆོག།
མ་འོངས་མི་རབས་གསར་བའི་བྱང་ཁོག་སྦུག་ཏུ།།
སྲོག་རྟེན་གཟུངས་གཞུག་ཟབ་མོ་འབུལ་བ་འདོད་ན།།
རྩོམ་རིག་མ་ཎིའི་སྙིང་པོ་རིས་སུ་བྲིས་དང་།།
ལོ་རབས་སྒལ་ཚིགས་ཆག་ཀྱང་བྱིན་རླབས་འཁོར་འདུག།
ཕན་བདེའི་འོད་ཀྱིས་འཁྱུད་པའི་རིག་གཞུང་བཟང་པོ།།
བརྒྱུད་འཛིན་སྣང་བ་དཀར་པོས་སྐྱོང་བར་འདོད་ན།།
རྩོམ་རིག་སྒྲོམ་བུ་རེ་རེས་གཏེར་དུ་སྦོས་དང་།།
དུས་རབས་སྒང་གཤོང་བར་ནས་ད་དུང་སྤྱོད་ཆོག།
ཁ་གཏད་འཁྲེབ་ཏོའི་སྟེང་དུ་འཚིག་པ་ཟ་ཞིང་།།
ཞེ་མཐུན་ནང་གི་མི་ལ་མདང་རྩིས་ཆེ་ན།།
རྩོམ་རིག་རྡོ་རྗེའི་གོ་ཁྲབ་ལུས་ལ་བགོས་དང་།།
འདི་ཕྱིའི་གཡུ་ལས་རྒྱལ་བའི་དོན་རེ་སྒྲུབ་ཆོག།
མདོར་ན་དོན་ལྡན་མི་ཚེ་སྐྱེལ་བར་རྔམ་ཞིང་།།
འཇིག་རྟེན་ཀུན་ཏུ་དགེ་བའི་ལེགས་ཚོགས་འདོད་ན།།
རྩོམ་རིག་དོན་ཀུན་འགྲུབ་པའི་རྟ་མཆོག་གཞོན་དང་།།
དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱལ་སར་ཕྱིན་འགྲོ།
༢༠༡༠་༡༠་༡༢། བཙན་བྱོལ་བོད་ཀྱི་རྒྱལ་ས་ནས་བྲིས།།
