སྐུ་ཞབས་ལིའུ་ཞའོ་པོ་ལ་གཟེངས་རྟགས་ཕུལ་པ་དེ་གནད་ལ་འཁེལ་ཡོད།
མི་མང་གི་འཚོ་བ་དང། སྨྲ་བརྗོད་རང་དབང། ཆབ་སྲིད་ལམ་ལུགས་བཅས་ཀྱི་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། སྲིད་གཞུང་དེའི་དྲང་བདེན་མ་ཡིན་པའི་ལམ་ལུགས་མཚོན་བྱེད་དང་། དཀའ་སྡུག་མྱོང་བཞིན་པའི་མི་མང་གི་རང་དབང་མཚོན་ཆེད་དུ་གཟེངས་རྟགས་དེ་ལྕམ་སུ་ཅེ་ལ་ཕུལ་ཡོད་པ་རེད།
༧གོང་ས་མཆོག་ལ་གཟེངས་རྟགས་འདི་ཕུལ་དོན་ནི། འཛམ་གླིང་ནང་དམར་ཕྱོགས་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་སྲིད་གཞུང་གིས། བོད་ནང་བཙན་འཛུལ་བྱས་ཏེ་བོད་མི་རྣམས་བསད་པ་དང། སྲོལ་རྒྱུན་གྱི་རིག་གནས་དང་དགོན་སྡེ་སོགས་ལ་གཏོར་བཤིག་བཏང་པ་མ་ཚད། ད་ལྟའི་སྐབས་སུའང་མི་མང་བཙོན་འཇུག་དང་མནར་གཅོད་གཏོང་བཞིན་ཡོད་པས། ༧གོང་ས་མཆོག་གིས་བོད་མི་རྣམས་ཀྱི་དཀའ་སྡུག་སེལ་ཆེད་དུ་ཉིན་མཚན་དབྱེར་མེད་སྐུ་ལས་ཚད་ལས་བརྒལ་བ་བསྐྱོན་བཞིན་པ་དང། ལྷག་དོན་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས། འཛམ་གླིང་སྟེང་དཀའ་སྡུག་འོག་གནས་ཡོད་པའི་མི་རིགས་ཡོངས་རྫོགས་ཀྱི་ཆེད་དུ་ཕྱག་ལས་གནང་གི་ཡོད་པས། ༧གོང་ས་མཆོག་ལ་ཕུལ་པ་དེ་སྤྱིར་བོད་མི་རིགས་ཀྱི་དཀའ་སྡུག་མཚོན་ཆེད་དང། གཉིས་ནས། འཛམ་གླིང་མི་མང་གིས་ཞི་བདེ་དང་འཚེ་བ་མེད་པའི་ལམ་ལ་དད་འདུན་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་བྱེད། གསུམ་ནས། རྒྱ་ནག་དམར་པོའི་གཞུང་དབང་ཆ་གཅིག་བསྡུས་ལམ་ལུགས་དང་བཀས་བཀོད་བརྒྱུད་འཛིན་ལམ་ལུགས་ཡིན་པ་མཚོན་ཆེད་དུ་རེད།
དེ་ནས་ཨི་རན་ཁ་ཆེའི་རྒྱལ་ཁབ་ཀྱི་བུད་མེད་གཅིག་ལ་ཕུལ་པ་དེ། བུད་མེད་དེའི་མིང་དྲན་གྱི་མི་འདུག ཁ་ཆེའི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་ནང་བུད་མེད་ཀྱི་ཐོབ་ཐང་སྐྱོ་པོ་ཡིན་པ་དང། འདིའི་རྐྱེན་གྱིས་སྤྱི་ཚོགས་སུ་བུད་མེད་ཚོ་གཉའ་ཆག་ནས་འགྲོ་ཡི་ཡོད་པས། བུད་མེད་ཀྱི་ངོས་ནས་ཞི་བདེ་དང་མི་མང་གི་འཚོ་བའི་ཆེད་དུ་ཕྱག་ལས་གནང་མཁན་དཀོན་པ། ཐ་ན་བུད་མེད་ཚོས་གདོང་དང་གཟུགས་པོ་ཡོངས་རྫོགས་རས་ཀྱི་མ་བཏུམས་ན། ཁྲོམ་གཞུང་དུ་འགྲོ་མི་ཆོག་པའི་དཀའ་ངལ་འོག་ནས། གཟེངས་རྟགས་བཞེས་མཁན་གྱི་བུད་མེད་དེས་བུད་མེད་ཀྱི་ཐོབ་ཐང་དང། ཁ་ཆེའི་ཕྱོགས་ལྷུང་རིང་ལུགས་ལ་ངོ་རྒོལ་གྱིས་ཕྱག་ལས་མང་པོ་གནང་ཡོད་པས། གཟེངས་རྟགས་དེ་ཕུལ་པ་རེད། དེ་ལྟར་ཕུལ་དོན་ཡང་གོང་བརྗོད་བཞིན། ཁ་ཆེའི་བུད་མེད་ཚོའི་ཐོབ་ཐང་སྐྱོ་པོ་ཡིན་པ་མཚོད་བྱེད་དང། ཁ་ཆེའི་ཕྱོགས་ལྷུང་རིང་ལུགས་པ་རྣམས་ཀྱིས་ཞི་བདེའི་ཆེད་དུ་བསམ་གཞིག་དགོས་པ་སོགས་མཚོད་བྱེད་དུ་རེད།
ད་ལྟའི་སྐབས་རྒྱ་རིགས་སྐུ་ཞབས་ལིའུ་ཞའོ་པོ་ལ་གཟེངས་རྟགས་ཕུལ་པ་དེ། གཙོ་བོ་རྒྱ་ནག་དམར་པོའི་སྲིད་གཞུང་གི་ལམ་ལུགས་འོག་ཏུ་ཡོད་པའི་མི་མང་གི་སྨྲ་བརྗོད་རང་དབང་ཇི་ལྟར་ཡིན་མིན་མཚོན་བྱེད་དང། རྒྱ་ནག་གི་ཆབ་སྲིད་བཙོན་པ་དེ། ཁྲིམས་ལུགས་ལྡན་པའི་སྲིད་གཞུང་གིས་བལྟས་ན་ཁྲིམས་མཐུན་གྱི་དཔའ་བོ་དང་། རྒྱ་ནག་མི་མང་གི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཡིན་པ་མཚོན་བྱེད་དུ་རེད། ཕྱོགས་གཞན་ཞིག་ནས། རྒྱ་ནག་མི་མང་གཉིད་ལས་སད་དགོས་པ་དང། མི་མང་གི་སྨྲ་བརྗོད་རང་དབང་དང་ཆབ་སྲིད་བསྒྱུར་བཅོས། མི་མང་གི་གྲོས་ཚོགས་ཀྱི་ཆེད་དུ་ལས་ཀ་བྱེད་ན་འཛམ་གླིང་མི་མང་གི་རྒྱབ་སྐྱོར་ཡོད་པ་མཚོན་བྱེད་དུ་གཟེངས་རྟགས་འདི་ཕུལ་པ་རེད། རྒྱ་ནག་སྲིད་གཞུང་མང་གཙོ་ཆགས་ཆེད་དུ་ཡིན་མིན་གང་ལྟར་ཡང། རྒྱ་ནག་མི་མང་ལ་རང་དབང་ཐོབ་ཆེད་དང་མི་མང་གི་སྨྲ་བརྗོད་རང་དབང་གི་ཆེད་དུ། སྐུ་ཞབས་ལིའུ་ཞའོ་པོ་དཔེར་མཚོན་དུ་བྱེད་ནས་ཕུལ་པ་དེ་གནད་འཁེལ་ཡོད་སྙམ་གྱི་འདུག