འོད་ཟེར་ལགས་སུ་རྒྱལ་སྤྱིའི་གསར་འགོད་པའི་བྱ་དགའ་དངོས་སུ་ཕུལ་བ།
རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ཕྱིར་སྐྱོད་ལག་འཁྱེར་རྒྱ་ནག་གཞུང་གིས་ཕྱིར་རྩིས་ལེན་བྱས་ནས་སྤྲོད་ཀྱི་མེད་པར་བརྟེན་ ཁོང་ད་རེས་བྱ་དགའ་བཞེས་པར་དངོས་སུ་ཕེབས་ཐུབ་མེད་ཀྱང་ བརྙན་འཕྲིན་འཁོར་ཐག་ཞིག་བྱ་དགའ་འབུལ་བཞེས་མཛད་སྒོའི་ཐོག་བསྟན་ཡོད་པའི་ནང་བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་ལགས་ཀྱིས་ ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བྱུང་བའི་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཞི་རྒོལ་བྱུང་བའི་གནས་ཚུལ་སྐོར་ཕྱི་ཕྱོགས་སུ་བསྒྲགས་ཐབས་གནང་ཏེ་ བོད་མི་ཚོའི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་ཐུབ་རྒྱུར་དམིགས་ནས་འབད་རྩོན་གནང་བའི་སྐོར་སོགས་འགྲེལ་བཤད་གནང་བ་དང་འབྲེལ།
ཁོང་གིས་ ད་དུང་ཡང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རང་དབང་མེད་པ་དང་།མི་སྣ་གྲགས་ཅན་དང་ཉེས་མེད་མི་སེར་མང་པོ་བཙོན་འཇུག་བྱེད་མུས་ཡིན་པ་གསལ་སྟོན་གནང་ཡོད་པ་མ་ཟད་། མ་འོངས་པར་ཁོང་གིས་མུ་མཐུད་དུ་སྒེར་གྱི་ཟིན་བྲིས་དྲ་ཚིགས་སོགས་བརྒྱུད་ནས་ བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་ཐོག་ཤེས་རྟོགས་བྱ་རྒྱུར་འབད་རྩོན་གནང་རྒྱུ་གསུང་ཡོད་པ་མ་ཟད། ཁོང་གི་མུ་མཐུད་དུ་གསུང་རྒྱུར། བོད་ནང་ཞི་རྒོལ་བྱུང་བའི་དངོས་ཡོད་བདེན་པའི་གནས་ཚུལ་རྣམས་འཛམ་གླིང་མི་མང་ཚོས་ཤེས་ཆེད་༼མི་མངོན་པའི་བོད་ཅེས་པའི་དྲྭ་རྒྱའི་༽ནང་ཉིན་རེ་བཞིན་གནས་ཚུལ་འགོད་བཞིན་ཡོད་ལ། བོད་ནང་ད་ལྟའང་དྲང་བདེན་མིན་པའི་ཁྲིམས་ལུགས་ལག་བསྟར་བྱེད་བཞིན་ཡོད།
བོད་མི་གྲགས་ཅན་དང་མི་མང་དཀྱུས་མ་སོགས་འཛིན་བཟུང་འོག་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱོང་བཞིན་ཡོད་པས། ངོས་ནས་སྒེར་གྱི་གསར་འགྱུར་བརྒྱུད་ལམ་ཐོག་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་ཡིན་ལ། བརྒྱུད་ལམ་དེ་ནི་དབང་ཆ་མེད་མཁན་ཚོའི་ལག་ཆ་ཞིག་ཆགས་ཡོད་ཟེར།
རྒྱལ་སྤྱིའི་བུད་མེད་ཀྱི་གསར་འགོད་པའི་བྱ་དགའ་དེ་ཚེ་རིང་འོད་ཟེར་ལགས་དང་།དེ་མིན་ཁམ་བྷོ་ཌི་ཡའི་རླུང་འཕྲིན་གསར་འགོད་པ་ཞིག་དང་།མེ་སུའི་ཁོ། ཐན་སང་ནི་ཡའི་གསར་འགོད་པ་ཞིག་བཅས་བུད་མེད་གསར་འགོད་པ་བཞི་ལ་གནང་ཡོད་པ་རེད
