ཁྱེད་ཀྱི་དོན་དུ་ངུ་བ་ཉུང་ཉུང་མིན།

 

 

 

སྐྱེད་མ།

མཐོ་སྒང་གི་ལོ་ཟླ་བསྐྱར་བོ་དེའི་སྔར་བཞུད་དུ།

གཅེས་ཕྲུག་ངས།  བེའུ་དང་མཉམ་དུ་རྩེ་འཇོལ་རོལ་དུས།

སྐྱེད་མ། ཁྱེད་ཀྱིས་སྦྲ་གུར་ནས།  ཡོད་ཚད་ནས་ཡོད་ཚད།

སྙིང་ཁུང་ནས་འཛུམ་པའི་བཅོས་མིན་གྱི་བརྩེ་བ་དང་།

ངག་སྒོ་ནས་འབོད་པའི་གཅེས་མིང་གི་དབྱངས་རྟ་སྙན་མོ་དང་།

རྟ་བདུན་གྱི་འོད་ཟེར་དང་མཚུངས་པའི་ཁྱེད་ཀྱི་སྤྱན་གཟུགས།

བདག་ལ་འཕངས་བར་ཉུང་ཉུང་དེ་བས་མིན།

 

སྐྱེད་མ།

དུས་ཚིགས་ཤིག་གི་འགྱུར་འགྲོས་དང་བརྟེན་ནས།

སྟོང་ལོ་དྲུག་པའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཡི་ཞོགས་པ་དེར།

ངེད་མ་བུ་གཉིས། མཉམ་འཛོམས་ཀྱི་དུས་དེ་ཡིན་ལ།

ངེད་མ་བུ་གཉིས།   གྱེས་བྲལ་གྱི་དུས་ཚིགས་ཤིག་ཀྱང་ཡིན།

སྐྱེད་མ།  ཞོགས་པ་དེར་ངེད་མ་བུ་གཉིས་ལ་མཚོན་ན་ཅི་འདྲའི་སྡུག་བསྔལ་ཆེ་ཨང་།

སྐྱེད་མ།

འཇིག་རྟེན་པའི་ཁ་དཔེར་ཞིག།

འཛོམས་པའི་མཐའ་མར་བྲལ་བར་ནི་ཆོས་ཉིད་ཞེས་པའི་གསུངས་འདི།

ཅི་འདྲའི་ལེགས་བཤད་གཅིག་རེད་ཨང་།  སྔོན་བསགས་ཀྱི་བག་ཆགས་སམ།

ལས་དབང་གི་དད་པའི་ཟག་བཅས་ཀྱི་ལུས་ཕུང་འདི།

རླུང་བུས་དད་པའི་བྱ་སྤུ་དང་ཅི་མི་མཚུངས་ཨང་།   གཞོན་ནུ་ངས།

ཐ་ན་རང་ཡུལ་གྱི་མཁའ་དབུགས་གཙང་མ་འདི་རྔུབ་མ་ཁོམ་པར།

མི་འདོད་པའི་འཁྱར་མ་འཁྱོར་གྱིས་གོམ་རེ་རེ་བསྒྱུར་བཞིན།

ཆེས་ང་ཡ་བའི་མི་ཡུལ་དུ་བརྫངས་ཐལ།