ཕུག་རོན་དཀར་མོའི་གསང་འཕྲིན།
ཤ་ཚ་སྙིང་ནས་བོད་ལ་དུང་ཞེན་ཞིག་ཡོད་ན། །
གཡོ་སྒྱུ་ཁྲམ་གསུམ་རྗེས་སུ་གཡམ་རྒྱུགས་ཞིག་མིན་པར། །
རང་བློས་དཔྱད་གསུམ་འཇུགས་པ་ཡང་དག་ལ་བརྟེན་ནས། །
བདེན་པའི་རང་དབང་རྩོད་ལ་སྤོབས་པ་ཞིག་མ་ཉམ། །
ཅེ་སྤྱང་དམར་པོའི་མཆེ་སྡེར་གཙིགས་པ་ཡི་བར་ནས། །
ཚེ་སྲོག་ལྷགས་འཕྲོ་མ་ཆད་སྲིད་འདི་རུ་གནས་ན། །
གདོད་ནས་ཡ་ཐོག་ནས་བཟུང་ཡབ་མེས་ཀྱི་རེ་འདུན། །
ཡང་མཛོད་བཅུད་དུ་བཏུམས་ཤིག་ཕ་བཟང་གི་བུ་ལོ། །
རེ་སྒུག་གོམ་ཁ་ལྕི་མོ་རྒྱང་རིང་ལ་གཏད་པས། །
བརྩེ་ཆེན་ཕ་མ་ཟུང་གིས་འུ་ཅག་ལ་བཅིངས་བའི། །
ལྷག་བསམ་དྲོད་མོ་དེ་ལ་རམ་འདེགས་ཤིག་བྱོས་དང༌། །
འདི་ཕྱི་ཀུན་ཕན་གཏན་བདེའི་ལེགས་ཚོགས་ཏེ་གྲུབ་ཡོང༌། །
འདི་དག་བདག་གི་ཡ་ཆུང་སེམས་ཁུངས་སུ་སྦས་པས། །
ལྷད་མེད་སེམས་ཚོར་དམར་པོ་སྨྱུག་རྩེ་ནས་ལུད་དེ། །
དྭངས་གཙང་ཤོག་དཀར་ངོས་སུ་ཐོལ་བྱུང་དུ་བཀོད་འདིའི། །
ཕན་འབྲས་གངས་ལྗོངས་བུ་རབ་ཚ་རྒྱུད་ལ་སྨིན་ཤོག །
བོད་དུང་བས།