གཏན་གྱི་སྐྱབས་གཅིག་པདྨ་ཐོད་ཕྲེང་རྩལ། །

 

སྐལ་མེད་བདག་ནི་མཐའ་འཁོབ་ཁ་བའི་ལྗོངས། །

སྙིགས་ལྔའི་མུན་པ་བདོ་བའི་སྨག་ཁྲོད་འདིར། །

གཅིག་པུར་བཏང་སྙོམས་ལུས་པ་ཅང་བདེན་ནམ། །

ཀྱེ་མ་ཀྱེ་ཧུད་མ་ཧཱ་གུ་རུ་རྗེ། །

སྔོན་དུས་རིག་འཛིན་ཉེར་ལྔ་ཚོགས་སྐབས་སུ། །

བདག་ཀྱང་འདི་འདྲའི་ངོ་ཆུང་མ་ཡིན་མོད། །

ད་ལྟ་གྲོགས་མེད་གཅིག་པུར་སྲིད་འདིར་བཞག །

མྱུར་དུ་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ། །

ཁྱེད་ཀྱི་ཐུགས་རྗེས་ཡལ་བར་འདོར་སྲིད་ན། །

བདག་གི་སྐྱབས་དང་སྐྱོབ་པ་སུ་ལ་རེ། །

ཉིན་མཚན་ཀུན་ཏུ་ཨོ་རྒྱན་ཡབ་ཡུམ་དྲན། །

སྔོན་ཚེ་རང་བྱུང་དཔལ་གྱི་བསམ་ཡས་ཀྱི། །

བར་ཁང་གཡུ་ཞལ་འབར་བ་འདི་ཉིད་དུ། །

སྨིན་གྲོལ་གདམས་པའི་ཆོས་འཁོར་སྐོར་བའི་ཚེ། །

མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་སོགས། །

རྗེ་འབངས་འདུས་པའི་འཁོར་ཚོགས་རྒྱ་མཚོ་ཡང༌།།

ནམ་མཁའི་སྐར་ཚོགས་བཞིན་དུ་བཀྲ་མོད་ཀྱང༌། །

མཁར་ཆེན་བཟའ་དང་ཁོ་བོ་བདུད་འཇོམས་གཉིས། །

ལྷག་པར་སྙིང་ལས་གཅེས་པར་བསྐྱངས་མིན་ནམ།།

ཀྱེ་མ་ཀྱེ་ཧུད་མཚོ་སྐྱེས་བླ་མ་རྗེ། །

ཉམས་ཆུང་མཆི་མས་བརྣངས་པའི་གདུང་དབྱངས་ཀྱིས། །

གསོལ་བ་དྲག་ཏུ་འདེབས་པ་མ་གསན་ན། །

སྙིང་འདི་ཚལ་བར་འགས་ལ་ཕྱོགས་པ་འདྲ། །

ཨ་ཀྱང་འཕུར་འགྲོའི་སློབ་དཔོན་པདྨ་འབྱུང༌། །

བདག་གིས་ད་ནས་ནམ་མཁའ་ཇི་སྲིད་བར། །

འཇམ་དཔལ་དཔའ་བོའི་སྙིང་སྟོབས་གོ་བགོས་ནས། །

སེམས་ཅན་དོན་ལ་བརྩོན་པར་དམ་བཅས་ན། །

བསིལ་ལྡན་གངས་རིའི་ཁྲོད་དུ་ལྷགས་པ་ཡི། །

སྙིགས་མའི་རྒུད་པ་ཕྲན་བུ་འདི་ཙམ་ཡང༌། །

མི་བཟོད་གདུང་བས་འབོད་པ་རིགས་སམ་ཅི། །

དེ་ཕྱིར་བདག་གིས་སྙིང་སྟོབས་ཁུར་ཁྱེར་ནས།།

མ་ཧཱ་གུ་རུའི་ཐུགས་བཞེད་མ་རྫོགས་པར། །

བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པ་ལ། །

དམ་བཅའ་སྙིང་ནས་བྱེད་དོ་ཐུགས་རྗེས་དགོངས། །

གཞན་ཡང་བདག་གི་འཁོར་དུ་གྱུར་ཚད་ཀུན། །

རིག་འཛིན་འདུས་པའི་གྲལ་དུ་འཁོད་ནས་ཀྱང༌། །

ཟབ་རྒྱས་གདམས་པའི་ཆོས་ལ་ལོངས་སྤྱོད་དེ། །

ཕྱོགས་བཅུའི་ནམ་མཁའི་སེམས་ཅན་ཐམས་ཅད་ཀྱི། །

དོན་ཆེན་འབད་མེད་འགྲུབ་པའི་ནུས་པ་སྩོལ། །

ཅེས་ས་འབྲུག་ཟླ་ཚེས་ཉིན་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་བར་ཁང་གཡུ་ཞལ་འབར་བར་ཕེབས་སྐབས་ཨོ་རྒྱན་ཡབ་ཡུམ་རྗེ་འབངས་འདུས་པའི་འཁོར་ཚོགས་དང་བཅས་པ་གློ་བུར་དུ་རྗེས་སུ་དྲན་པས་རྐྱེན་བྱས་ཏེ་སྤྱན་ཆབ་བསིལ་བཞིན་ཐོལ་བྱུང་གི་ཚུལ་དུ་ཐོགས་པ་མེད་པར་གསུངས་པ་སྒྲ་ཕབ་འཁོར་ལོ་ལས་ཡི་གེར་བཀོད་པའོ།། །།