རབ་བྱུང་གཙང་མ་བྱས་ན་མཛེས།
ལྷན་སྐྱེས་དད་པའི་ས་བོན་ཟབ་ས་ཤེས་རྨོངས་དྲང་བདེན་འགའ་ཞིག་ལ།།
རྔུལ་ནག་ཐེག་པའི་ལྷན་དུ་བསགས་པའི་དབྱར་རྩྭ་དགུན་འབུ་ཇི་ཡོད་དག།
ཞལ་ནས་རྡོལ་བའི་གནའ་ཚིག་དེ་དང་ཕྱག་འཛིན་རྒྱ་མ་འཁྱོག་པོས་བསླུ།།
དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
ཕ་མ་བཟང་པོའི་དཀའ་སྡུག་བར་ནས་ཚེ་གང་བསྒྲུགས་པའི་ཅ་ལྔུལ་དག།
རང་ཐོབ་བྱེད་པའི་ལྕེ་བརྒྱ་སྤྲུལ་རྗེས་མདོ་མེད་འཚང་སའི་ཤོ་ཁང་ནང་།།
སྨད་ཚོང་མ་ཡི་མཁུར་ཚོས་རོལ་ནས་ཕ་ནོར་བོར་ཞིང་ལག་སྟོང་ལོག
དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
སླུ་མེད་མཆོག་གསུམ་ཁྱི་ལ་རེ་ཞིང་ཤོག་སྒོར་ཐ་པའི་རྒྱ་ས་འཛིན།།
གཡོ་སྒྱུ་བསླུ་འཁྲིད་ཐབས་ལ་མཁས་ན་དཔྱོད་ལྡན་སྐྱེ་བོའི་གྲལ་དུ་འཇོག།
མཐོང་ཆུང་ཁྱད་གསོད་ལས་ལ་བརྩོན་ན་དཔའ་བོ་ཡང་དག་ངང་གིས་རློམས།།
དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
སྤངས་རྟོག་ཡོན་ཏན་ཅི་ཡང་མི་མངའ་ལོ་རྒྱུས་རག་ཙམ་མི་ཤེས་ཀྱང་།།
བསམ་གྱི་མི་ཁྱབ་སྐྱེས་ཆེན་དམ་པའི་མཛད་བཟང་རེ་ལ་སྙད་འདོག་སྟེ།།
འཁྲུག་རྩོད་ཁྲག་གི་འཁོར་ལོ་བསྐོར་ཞིང་མཆོད་ཡོན་གཉིས་ཀ་སྡུག་སྦྱར།།
དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
ཐོས་དོན་ཇི་བཞིན་སྒྲུབ་ལ་གཞོལ་ཏེ་བསྟན་པའི་རྒྱལ་མཚན་བསྒྲེངས་པའི་གནས།།
དབུས་གྱུར་ཞིང་གི་གདན་ས་དེ་ཀོ་ཡིད་མུག་བཙོན་རའི་དྭངས་མར་འཛིན།།
དུག་གསུམ་མཚོན་གྱི་རྣོ་ཁ་འབར་བའི་རྒྱ་གྲོང་དག་པའི་ཞིང་དུ་སྙད།།
དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
ཐོས་གསུམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གཞལ་མེད་རིན་ཆེན་ནོར་བུའི་ཏོག
རབ་བྱུང་སྡེ་བའི་རྒྱན་དུ་ངེས་ཀྱང་དྲོད་ལྡན་ཕྱི་ས་བཞིན་དུ་བསྐྱུར།།
ཁྱིམ་འཛིན་སྐྱེ་བོའི་དཔུང་དང་གཤིབ་སྟེ་སོ་ནམ་ལས་ལ་བརྟུན་པ་བསྐྱེད།།
དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
རྒྱས་སྤྲོས་དུག་གི་བཟི་ཁ་བརྡོལ་བས་འདོད་ཆུང་མཆོག་ཤེས་མཐའ་རུ་སྤྲད།།
དྲན་ཤེས་བག་ཡོད་དོང་དུ་བཅུག་སྟེ་བག་མེད་འདུ་འཛིའི་རི་གྲོང་འགྲེམས།།
ལྔ་ཟུང་རིག་པའི་ཤེས་བྱའི་གནས་ལ་བློ་གྲོས་འདབ་མ་རིང་ནས་ཟུམ།།
དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
ངར་འཛིན་བདུད་ཀྱི་མགོ་བོ་མ་ནོན་ཡང་དག་ལྟ་ལ་ལོག་པར་འཁུམས།།
སྨོན་འཇུག་སེམས་ཀྱི་ཉམས་ལེན་མ་ཤེས་ཕྱོགས་རིས་ངན་པའི་དྲྭ་རྒྱ་འཐུད།།
ལུང་རིག་མཚོན་གྱིས་སྙིང་ལ་གཟན་ཡང་ལྟ་ངན་དགའ་མར་གཉེན་སྒྲིག་བྱེད།།
དེ་ལྟར་བྱེད་པའི་སེར་མོ་བ་དག་རབ་བྱུང་གཙང་མ་བྱས་ན་མཛེས།།
འདི་སྣང་ཞན་པའི་དྲན་དུ་འཁོར་བའི་སེར་མོ་བ་ཡིས་སྤྱོད་ཚུལ་དག།།
འདྲིན་བྱེད་ཟུང་གི་དམིགས་རྐྱེནགྱུར་ཚེ་སེམས་ཀྱི་ལྷེང་འཇག་ཧད་ཀྱིས་དཀྲོག།
སྐྱོ་གདུང་མོན་པའི་ཁུག་སོ་དེ་ནས་བསམ་གཞིགས་རིང་མོ་ཉེར་དྲངས་ན།།
རབ་བྱུང་གཙང་མའི་རྣམ་ཐར་ཅན་དེར་སྙིང་གུས་པར་མི་འགྱུར་སུ།།