ཨ་རིའི་གསང་བའི་ཡིག་ཆའི་ནང་རྒྱ་ནག་གིས་ནད་པའི་གྲངས་འབོར་སྦས་སྐུང་བྱས་ཚུལ་འཁོད་ཡོད་འདུག

ཨ་རིའི་གསང་བའི་ཡིག་ཆ་ཞིག་གི་ནང་རྒྱ་ནག་གིས་ཏོག་དབྱིབས་ནད་པའི་ཁ་གྲངས་དང་། དེས་ཤི་བའི་གྲངས་འབོར་སྦས་གསང་བྱས་ཡོད་ཚུལ་འཁོད་ཡོད་འདུག 

ཕྱི་ཟླ་ ཚེས་ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕོ་བྲང་དཀར་པོར་ཕུལ་འབྱོར་བྱུང་བའི་གསང་བའི་ཡིག་ཆ་ཞིག་ཏུ་རྒྱ་ནག་གིས་ཏོག་དབྱིབས་ནད་པ་དང་། དེའི་རྐྱེན་གྱིས་ཤི་བའི་མིའི་གྲངས་འབོར་སྦས་གསང་བྱས་ཏེ་བདེན་པ་བཤད་མེད་ཚུལ་འཁོད་ཡོད་འདུག

དེ་ཡང་གསང་བའི་ཡིག་ཆ་དེའི་སྐོར་ཕྱིར་བསྒྲགས་བྱེད་མཁན་གྱི་གཞུང་འབྲེལ་མི་སྣ་གསུམ་གྱིས་མིང་འདོན་བྱེད་མི་དགོས་ཚུལ་དང་། ཡིག་ཆ་དེར་འཁོད་པའི་ཞིབ་ཕྲའི་གནས་ཚུལ་རྣམས་བརྗོད་མི་འདུག་ཀྱང་། ཁོ་ཚོས་ཡིག་ཆ་དེའི་སྙིང་དོན་ནི་རྒྱ་ནག་གིས་ཕྱི་ལ་བསྒྲགས་པའི་ནད་པའི་ཁ་གྲངས་དང་། རྐྱེན་ལམ་དུ་ཕྱིན་པའི་གྲངས་འབོར་དེ་བདེན་པ་མ་ཡིན་པ་དེ་རེད་ཅེས་སྨྲས་པའི་ཐོག ཡིག་ཆ་དེ་བདུན་ཕྲག་སྔོན་མར་ཕོ་བྲང་དཀར་པོར་ཕུལ་འབྱོར་བྱུང་ཚུལ་བཤད་འདུག

འཇིགས་སུ་རུང་བའི་ནད་ཡམས་འདི་ཐོག་མར་ ༢༠༡༩ ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཞིང་ཆེན་ཧུ་བྷེ་(Hubei province)ནས་འགོ་ཚུགས་ནས་ད་ཆ་འཛམ་གླིང་ཧྲིལ་བོར་ཁྱབ་སྟེ་ནད་པ་ས་ཡ་གཅིག་ཟིན་ལ་ཉེ་རུང་། རྒྱ་ནག་གི་གཞུང་འབྲེལ་ཐོ་གཞུང་ནང་ནད་པ་ ༨༣,༠༠༠ དང་། ཤི་བའི་ཁ་གྲངས་ ,༣༠༠ ལས་མེད་ཅིང་། དེ་ནི་ད་ལྟ་འཛམ་གླིང་ནང་དངོས་སུ་ཕྱི་ལ་བསྒྲགས་པའི་ནད་པའི་ཁ་གྲངས་མང་ཤོས་ལྡན་པའི་ཨ་རི་དང་བསྡུར་ན་ཅུང་ཉུང་ཉུང་ཞིག་ཆགས་ཡོད་དེ། ཨ་རིར་ནད་པ་ ༡༩༠,༠༠༠ ལྷག་དང་། ཤི་བ་ , ༠༠༠ བརྒལ་ཡོད། 

རྒྱ་ནག་གིས་མཇུག་མཐར་མང་གཙོའི་རྒྱལ་ཁབ་ཏུ་ལག་བསྟར་བྱེད་དཀའ་བའི་བཀའ་ཁྲིམས་དྲག་པོ་བཀོལ་ནས་ནད་ཡམས་འགོག་པའི་འབད་བརྩོན་བྱས་ན་ཡང་། ཕྱི་ནང་གཉིས་ཀ་ནས་གཞུང་གི་གྲངས་ཐོ་ལ་དོགས་པ་དང་ཐེ་ཚོམ་བྱེད་མཁན་མི་ཉུང་བ་ཞིག་བྱུང་དང་འབྱུང་མུས་སུ་ཡོད་ལ། ལྷག་པར་དུ་ཉེ་ཆར་ཧུ་བྷེ་ཞིང་ཆེན་གྱི་དུར་ཁང་ཁག་གི་ཕྱི་རུ་པུར་ཐལ་གྱི་བུམ་པ་སྟོང་ཕྲག་མང་པོ་རྩེག་འཇོག་བྱས་པར་བརྟེན། པེ་ཅིང་གི་གྲངས་ཐོ་ལ་སྔར་བས་ཀྱང་དོགས་པ་ཆེ་རུ་གྱུར་ཡོད། 

ཕོ་བྲང་དཀར་པོ་ལ་ནད་ཡམས་འདིར་ཇི་ལྟར་གདོང་ལེན་བྱེད་ཕྱོགས་སྐོར་སློབ་སྟོན་གནང་མཁན་ཌེ་བྷོ་ར་བྷར་སི་(Deborah Birx)ཡིས་རེས་གཟའ་མིག་དམར་ཉིན་རྒྱ་ནག་གིས་དེ་ལྟར་གྲངས་ཐོ་སྦས་གསང་བྱས་པ་དེས་འཛམ་གླིང་གི་ས་ཕྱོགས་གཞན་རྣམས་ལ་གོ་ནོར་ཐེབས་སུ་བཅུག་ཡོད་ཚུལ་བཤད་འདུག་སྟེ། རེས་གཟའ་མིག་དམར་གྱི་གསར་འགོད་གསལ་བསྒྲགས་དེའི་ནང་། ཁོང་གིས་རྒྱལ་སྤྱིའི་སྨན་པའི་ཚོགས་སྡེས་རྒྱ་ནག་གི་གྲངས་ཐོར་བལྟས་ནས་འདི་ནི་ཉེན་ཁ་ཆེན་པོ་ཞིག་རེད་འདུག་ཀྱང་ཁྱབ་ཚད་ཆུང་ཆུང་རེད་བསམས་ཡོད་ཅེས་བརྗོད་པའི་ཁར། གལ་ཆེའི་གནས་ཚུལ་ཆེན་པོ་དེ་ཕྱི་ལ་མ་སྟོན་སྟབས། ད་ལྟའི་གནས་སྟངས་འདི་བྱུང་བ་ཡིན་སྐོར་བརྗོད་འདུག

གཞུང་འབྲེལ་གྱི་གྲངས་ཐོ་ལ་དོགས་གཞི་ཡོད་པའི་རྒྱལ་ཁབ་རྒྱ་ནག་གཅིག་པུ་རེད་མི་འདུག་སྟེ། ནུབ་ཕྱོགས་ཀྱི་འགོ་ཁྲིད་ཚོས་ཨེ་རན་དང་། ར་ཤི་ཡ། ཨིན་ཌོ་ན་ཤི་ཡ་བཅས་ཀྱིས་ཁ་གྲངས་གསང་གི་ཡོད་པའི་དོགས་པ་བྱེད་ཀྱིན་ཡོད་པ་མ་ཟད། ལྷག་པར་དུ་ནད་པ་གཅིག་ཀྱང་མེད་པའི་བྱང་ཀོ་རི་ཡར་དོགས་པ་ཟ་ཡི་ཡོད་འདུག དེ་བཞིན་ཨེ་རབ་དང་ཨི་ཇིབ་འདུས་པའི་རྒྱལ་ཁབ་གཞན་རྣམས་ཀྱིས་ནད་པའི་གྲངས་འབོར་ཏག་ཏག་ཅིག་ཕྱི་ལ་སྟོན་གྱི་ཡོད་མེད་དོགས་པ་ཟ་ཡི་ཡོད་འདུག 

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི་ཕོམ་ཕོའོ་(Mike Pomeo)ཡིས་རྒྱ་ནག་དང་རྒྱལ་ཁབ་གཞན་རྣམས་ལ་ནད་ཡམས་འདིའི་ཐོག་ཕྱི་གསལ་ནང་གསལ་བྱེད་དགོས་ཞེས་བརྗོད་འདུག་པ་མ་ཟད།ཁོང་གིས་རྒྱ་ནག་གིས་དཀའ་ཉེན་འདི་ཡུན་རིང་སྦས་གསང་དང་། ལྷག་པར་དུ་ནད་ཡམས་འདི་ཐོག་མར་བྱུང་སྐབས་ཨ་རིའི་ཆེད་ལས་མི་སྣའི་རོགས་རམ་བཀག་སྟེ་དུས་ཐོག་ཏུ་གནས་ཚུལ་མཁོ་སྤྲོད་མ་བྱས་པར་སྐྱོན་བརྗོད་ཡང་ནས་བསྐྱར་དུ་བྱེད་ཀྱི་ཡོད་འདུག  

གསར་འགོད་པ་དཀོན་མཆོག་རབ་བརྟན།