ཀརྨ་པའི་ལས་བྱེད་ཀྱི་མཐུས་ཤོར་རེད།

དེ་ནི་སློབ་ཕྲུག་ཚོར་བཀའ་སློབ་གནང་སྐབས། སློབ་མ་ཚོའི་དོགས་སེལ་དང་། དེང་སང་བོད་པའི་མང་ཚོགས་ཀྱི་ཟང་ཟིང་གི་སྐད་ཆའི་ཆེད་དུ་འདི་ལྟར་བཀའ་གནང་འདུག

 

དེའང་ཁོང་གིསརྒྱལ་བ་ཀརྨ་པ་ད་རེས་ལྷོ་ཕྱོགས་སུ་ཕེབས་མ་ཐུབ་པ་དེ་ནི། ཁོང་གི་ལས་བྱེད་ཚོས་དུས་ཚོད་ཐོག་ལ་ལས་ཀ་ཏག་ཏག་མ་བྱས་པ་ཞིག་ལས། རྒྱ་གར་གཞུང་གིས་ཆོག་མཆན་མ་སྤྲད་པ་དང་། བོད་གཞུང་གིས་རོགས་དན་མ་བྱས་པ་ཞིག་མ་རེད། སྤྱིར་བཏང་རྒྱལ་བ་ཀརྨ་པ་ཕྱོགས་བསྐྱོད་བྱེད་སྐབས་བདུན་ཕྲག་བཞིའི་སྔོན་ནས་རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་དགོས་ཀྱི་ཡོད་པ་རེད། ད་རེས་རྒྱལ་བ་ཀརྨ་པའི་ལས་བྱེད་ཚོས་དུས་ཚོད་དེའི་ནང་སྙན་ཞུ་ཏག་ཏག་ཕུལ་མེད་པ་ལས་བྱུང་ཡོད་པ་རེདཅེས་གསུངས་སོང་།

བཀའ་སློབ་འདི་ལ་ཁུངས་ལུང་ཞིག་ཏན་ཏན་ཡོད་དམ། གལ་སྲིད་ཡོད་ན། དཔལ་རྒྱལ་བ་ཀརྨ་པའི་ཕྱག་མཛོད་དང་ལས་བྱེད་ཚོས་ད་ལྟའི་བར་དུ་ཕྱག་ལས་གནང་རྒྱུན་རིང་། ད་རུང་འདི་ཙམ་ཡང་མགོ་མ་ཚོས་པ་ལྷག་ཡོད་པ་རེད་དམ།

དེ་བཞིན་ཉེ་སྔོན་རྒྱལ་བ་ཀརྨ་པ་སྦིར་སུ་ཇ་སློབ་གྲྭ་རུ་གདན་འདྲེན་ཞུས་ཡོད་ཀྱང་། དེའི་ཐོག་ལའང་ཕེབས་ཐུབ་ཡོད་པ་མ་རེད། སློབ་གྲྭ་དེ་ནི། རྒྱལ་བ་ཀརྨ་པའི་གཞུགས་གནས་དང་ཁ་ཐག་མི་རིང་བའི་ས་གནས་ཞིག་རེད། ཕལ་ཆེར་ཆུ་ཚོད་གཉིས་ནང་འབྱོར་ཐུབ་ས་ཞིག་རེད། འདིའང་གོང་གི་གནད་དོན་བཞིན་རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་རྒྱུའི་དུས་ཚོད་ལ་རྗེས་ལུས་ཐེབས་སོང་བ་ཞིག་རེད་དམ།

གལ་སྲིད་འདི་དག་ཐམས་ཅད་ཁོང་གི་ལས་བྱེད་ཚོས་དུས་ཚོད་ཐོག་ལ་ལས་དཀའ་ཏག་ཏག་མ་བྱས་པའི་རྒྱུ་མཚན་གྱིས་ཡིན་ན། ད་ལོ་བཀའ་བརྒྱུད་སྨོན་ལམ་དེའང་འཚོགས་ཉེར་རེད། བྱས་ཙམ་འདིའི་ཐོག་ལའང་གནད་དོན་འདི་རང་འཇག་ལྷག་གི་རེད་དམ།