གཞོན་ནུ་ལྷན་ཚོགས་ནས་ས་གནས་གང་སར་ཉིན་གཅིག་དུས་གཅིག་གི་བཟའ་ཆས་སྦྱིན་གཏོང་གནང་འདུག
ཟླ་༤ པའི་ཚེས་༢༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞོན་ལྷན་གྱི་ས་གནས་རྒྱུན་ལས་ནས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ཉིན་གཅིག་དུས་གཅིག་གི་བཟའ་ཆས་སྦྱིན་གཏོང་གི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་གྱི་ཡོད་འདུག
དེ་ཡང་དེ་སྔོན་ཟླ་༤ པའི་ཚེས་༡༥ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ལ་བཏང་བའི་ཡི་གེའི་ནང་འཁོད་གསལ།
༄༅། །རྒྱལ་གཅེས་འཐབ་གྲོགས་གཅིག་གྱུར་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ཀྱི་དྲུང་དུ་
ཞུ་དོན་སྙིང་པོར།
རྣམ་པ་ལྷན་རྒྱས་ཀྱིས་དགོངས་མངའ་བཞིན་རྒྱ་དམར་སྲིད་གཞུང་གིས་ཏོག་དབྱིབས་ རིམས་ནད་འདི་བཞིན་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་གདལ་དུ་བཏང་སྟེ་ད་ལྟའི་དུས་འདིར་ས་ཕྱོགས་གང་ སར་ཛ་དྲག་གི་གནས་སྟངས་སུ་གྱུར་བར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དགོངས་ དོན་བཞིན་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགུལ་ མང་དག་ཞིག་སྤེལ་ཡོད་པ་དང་། མི་རིང་བར་སྤྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༢ ལྷག་དཀར་ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབས་ཁོངས་སུ་གཏོགས་པའི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ ཁག་གི་གཞོན་ལྷན་གྱི་ས་གནས་རྒྱུན་ལས་ནས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ ཉིན་གཅིག་དུས་གཅིག་གི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་ཞིག་སྤེལ་ཏེ་རང་རེའི་སྤྱི་ཚོགས་དང་གནས་ སྡོད་ཡུལ་མི་ནད་གཙོང་ཉམས་ཐག་གཙོས། དབུལ་ཕོངས་བཅས་ལ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་ ཟས་གོས་སྡོད་གསུམ་སོགས་ལ་ལ་དཀའ་ངལ་ཡོད་ཚེ་གཞོན་ལྷན་ནས་རོགས་རམ་ཞུ་རྒྱུའི་དམིགས་བསལ་ ལས་འགུལ་ཞིག་སྤེལ་གྱིས་ཡིན་པས་དེ་དོན་དགོངས་འཇགས་ཀྱིས། སྤྱི་ཟླ་ ༤ ཚེས་ ༢༣ གྱི་སྔ་དྲོ་ཆུ་ཚོད་ ༨ པ་ནས་འགོ་འཛུགས་ཀྱིས་ལས་འགུལ་སྤེལ་གནང་ཡོང་བ་མཁྱེན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས། བོད་རྒྱལ་ལོ་ ༢༡༤༧ སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༥ ཉིན་ཞེས་འཁོད་འདུག

དེ་ཡང་རྡ་སར་དབུས་ས་གཉིས་ནས་རྡ་ཤོད་བོད་ཁྱིམ་གྱི་ཉེ་འཁྲིས་སུ་ཡོད་པའི་རྒྱ་གར་ལས་མིའི་ཁྱིམ་ཚང་ ༡༥༠ ཙམ་ལ་བཟའ་ཆས་སྦྱིན་གཏོང་གི་ལས་གཞི་བརྩམས་ཡོད་པ་དང་། དེ་བཞིན་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ངོ་དེབ་ཐོག་ཏུ་ས་གནས་མང་པོ་ཞིག་ནས་ལས་འགུལ་སྤེལ་བཞིན་པའི་བརྙན་པར་མཐོང་རྒྱུ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
